མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་པུའུ་ཡེ་དབྱེ་གནས་སྐབས་བདེ་འཇགས་དམག་དཔུང་གིས་ཚེས་ལྔ་ཉིན་བཤད་རྒྱུར། སུའུ་ཏན་ལྷོ་མ་དང་སུའུ་ཏན་གྱི་མཐའ་མཚམས་ཀྱི་རྩོད་གཞིར་གྱུར་བའི་ཨ་པུའུ་ཡེ་དབྱེ་ས་ཁུལ་དུ་ཉེ་སྔོན་དྲག་ཤུགས་འཁྲུག་རྩོད་བྱུང་སྟེ། ཉུང་མཐར་ཡང་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་བདུན་ལ་རྨས་ཕོག་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་པུའུ་ཡེ་དབྱེ་གནས་སྐབས་བདེ་འཇགས་དམག་དཔུང་གིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། སུའུ་ཏན་ལྷོ་མའི་ཝ་ལཱ་པུའུ་མངའ་སྡེའི་ན་གཞོན་དྲག་ཆས་རྩ་འཛུགས་ཤིག་གིས་ཚེས་གསུམ་དང་ཚེས་བཞི་ཉིན་ཨ་པུའུ་ཡེ་དབྱེ་ས་ཁུལ་ལྷོ་ངོས་ཀྱི་སྡེ་ཁུལ་མང་བོར་འཇབ་རྒོལ་རབ་དང་རིམ་པ་བྱས་པ་དང་། བཀོལ་བའི་མཚོན་ཆར་མེ་ཤུགས་འཕུར་མདའ་དང་མེ་སྒྱོགས་སོགས་འདུས་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་པུའུ་ཡེ་དབྱེ་གནས་སྐབས་བདེ་འཇགས་དམག་དཔུང་གིས་གསལ་སྒྲོག་ནང་བཤད་རྒྱུར། ཨ་པུའུ་ཡེ་དབྱེ་ས་ཁུལ་ལྷོ་ངོས་ཀྱི་དྲག་ཤུགས་འཁྲུག་རྩོད་ལས་མི་སེར་དཀྱུས་མ་མང་བོར་ཤི་རྨས་ཐེབས་ཡོད་ལ། དེའི་སྐབས་སུ་མི་སྣ་མང་བོ་བཙན་ཁྲིད་བྱས་པ་དང་། རྒྱུ་ནོར་མེར་བསྲེགས་པ། སྒོ་ཕྱུགས་བརྐུ་འཕྲོག་བྱས་པ་སོགས་ཀྱི་དོན་རྐྱེན་བྱུང་ཡོད། བསྟུད་མར་བྱུང་བའི་དྲག་ཤུགས་འཁྲུག་རྩོད་ལས་ཚོ་ཁག་བར་གྱི་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་སོང་ནས་ས་དེའི་ཞི་བདེ་ལ་འཇིགས་ཉེན་བཟོ་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་པུའུ་ཡེ་དབྱེ་གནས་སྐབས་བདེ་འཇགས་དམག་དཔུང་གིས་དོན་དེར་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། འཁྲུག་རྩོད་ཕྱོགས་ཁག་སོ་སོས་མྱུར་དུ་དགྲར་འཛིན་བྱ་སྤྱོད་མཚམས་བཞག་ནས། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་བརྩི་སྲུང་དང་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།
གསལ་སྒྲོག་ལས་བཤད་རྒྱུར། འཁྲུག་རྩོད་བྱུང་རྗེས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་པུའུ་ཡེ་དབྱེ་གནས་སྐབས་བདེ་འཇགས་དམག་དཔུང་གིས་ས་ཁུལ་དེའི་སྐམ་ས་དང་བར་སྣང་གི་སྐོར་གཡེང་ལ་ཤུགས་སྣོན་བྱས་ཏེ། སྔར་ལས་ལྷག་པའི་དྲག་ཤུགས་དོན་རྐྱེན་འབྱུང་བར་སྔོན་འགོག་བྱས།
ཟླ་དང་པོའི་ཚེས་ཉེར་བདུན་ཉིན། སུའུ་ཏན་ལྷོ་མའི་ཝ་ལཱ་པུའུ་མངའ་སྡེའི་ན་གཞོན་དྲག་ཆས་པ་དང་ཨ་པུའུ་ཡེ་དབྱེ་ས་ཁུལ་གྱི་ཨིན་ཀི་ཁི་དང་ཏེན་ཁཱ་རིགས་ཀྱི་མིའི་བར་འཁྲུག་རྩོད་བྱུང་ནས། བུད་མེད་དང་བྱིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣ་འདས་པའི་མི་ང་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།