ཁཱ་ཐུའུ་མུའུ་ནས་བསྒྲགས་པ་ལྟར་ན། སུའུ་ཏན་གྱི་རིག་གནས་དང་གསར་འགྱུར་པུའུ་ཡིས་ཚེས་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ན་ནིང་ཟླ་བཞི་བའི་ཟླ་དཀྱིལ་དུ་སུའུ་ཏན་རྒྱལ་ནང་གི་དྲག་ཆས་འཁྲུག་རྩོད་བྱུང་བའི་ཚུན་ལ། རྒྱལ་ཁབ་དེར་ཡུལ་འཁྱམས་བྱེད་པའི་མི་གྲངས་བྱེ་བ་གཅིག་དང་ས་ཡ་གཅིག་ལས་བརྒལ་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཡུལ་འཁྱམས་བྱེད་མཁན་གྱི་གྲས་སུ་མི་གྲངས་ཆེས་མང་བ་ནི་བུད་མེད་པ་དང་བྱིས་པ་ཡིན་ལ། བུད་མེད་ས་ཡ་བཞི་དང་བྱིས་པ་ས་ཡ་གསུམ་ལ་འགྲོ་སའི་ཁྱིམ་མེད་པར་གྱུར་ཡོད། བརྒྱ་ཆའི་དགུ་བཅུའི་ཡུལ་འཁྱམས་བྱེད་མཁན་དག་ཁཱ་ཐུའུ་མུའུ་དང་ཅེ་ཅི་ལཱ་མངའ་སྡེ། དེ་མིན་ཏཱ་ཨར་ཧྥུའུ་ཨར་ས་ཁུལ་བཅས་ནས་ཡོང་བ་རེད་ཟེར།
གསལ་སྒྲོག་ལས་བསྟན་དོན། སུའུ་ཏན་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོབ་ཐུབ་པའི་བཀོད་སྒྲིག་ལ་བརྟེན་ནས། མི་ཚང་མར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཁས་ལེན་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།