དབྱི་རག་གི་ཙུང་ལི་ཡིས་རྒྱལ་ཁབ་གཞན་པའི་བདག་དབང་ལ་གནོད་སྐྱེལ་བའི་ཕྱོགས་གཅིག་གི་འགུལ་སྐྱོད་གང་རུང་ལ་ངོ་རྒོལ་བྱེད་པའི་ཚུལ་བསྟན།
2024.02.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

དབྱི་རག་གི་ཙུང་ལི་སུའུ་ཏཱ་ནེ་ཡིས་ཚེས་ལྔ་ཉིན་བཤད་རྒྱུར། དབྱི་རག་གིས་རྒྱལ་ཁབ་གང་རུང་གིས་རྒྱལ་ཁབ་གཞན་པའི་བདག་དབང་ལ་གནོད་སྐྱེལ་བའི་ཕྱོགས་གཅིག་གི་འགུལ་སྐྱོད་ལ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།

དབྱི་རག་གི་ཙུང་ལིའི་སྨྱན་བྱད་གཞུང་སྒྲུབ་ཁང་གིས་ཚེས་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། སུའུ་ཏཱ་ནེ་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་དབྱི་ལིང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཨེ་ཧཱ་མེད་ཏིས་ཨན་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། དབྱི་རག་གིས་ཐོག་མཐའ་བར་གསུམ་དུ་ཁྱིམ་མཚེས་མཛའ་མཐུན་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ། ས་ཁོངས་རང་དང་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་བར་འབྲེལ་བ་བཟང་བོ་འཛུགས་པར་འབད་འབུངས་བྱེད་བཞིན་ཡོད་ཀྱང་། དབྱི་རག་གི་བདག་དབང་དང་བདེ་འཇགས་ལ་གནོད་པ་ཐེབས་སུ་འཇུག་མི་སྲིད་ཟེར།

ཨེ་ཧཱ་མེད་ཏིས་ཨན་གྱིས་བསྟན་དོན། དབྱི་ལིང་གིས་དབྱི་རག་གི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་བརྩོན་བཞིན་ཡོད་ལ། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་བདེ་འཇགས་གྲོས་མཐུན་གཞིར་བཟུང་ནས་བྱ་བ་སྤེལ་འདོན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།