ཀྲི་ལིའི་ནགས་ཚལ་མེ་སྐྱོན་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་བརྒྱ་དང་སོ་གཅིག་ལ་འཕར།
2024.02.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

ཀྲི་ལིའི་ཁྲིམས་འཛིན་དང་འགྲོ་མིའི་ཐོབ་ཐང་གི་ཁོངས་སུ་གཏོགས་པའི་བཅའ་ཁྲིམས་སྨན་བཅོས་ཞབས་ཞུའི་ལས་ཁུངས་ཀྱིས་ཚེས་དྲུག་ཉིན་སྤྱི་སྒྲོག་སྤེལ་ཏེ། རྒྱལ་ཁབ་དེའི་དབུས་ཕྱོགས་ཀྱི་ཝ་ཨར་ཕཱ་ལའེ་སོ་ས་ཁུལ་ཆེན་མོར་ཉེ་སྔོན་བྱུང་བའི་ནགས་ཚལ་མེ་སྐྱོན་ལས་མི་བརྒྱ་དང་སོ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་མི་སོ་ལྔའི་ཐོབ་ཐང་ངོས་འཛིན་བྱས་ཡོད་ཟེར།

ཀྲི་ལིའི་སྲིད་གཞུང་གིས་ཚོད་དཔག་བྱས་པ་ལྟར་ན། ཐེངས་འདིའི་མེ་སྐྱོན་ལས་ཁང་བ་ཁྲི་གཅིག་དང་སྟོང་ལྔ་ཙམ་ལ་གཏོར་བརླག་ཐེབས་ཡོད་པ་དང་། སྡོད་དམངས་ཁྲི་བཞི་ཙམ་ལ་ཤུགས་རྐྱེན་ཐེབས་ཡོད། མིག་སྔར་ས་ཁུལ་སྐོར་ཞིག་གི་མེ་སྐྱོན་ཚོད་འཛིན་བྱས་པ་དང་བསྟུན་ནས་བསྐྱར་འཛུགས་བྱ་བ་རིམ་བཞིན་ལག་བསྟར་བྱེད་མགོ་བརྩམས་ཡོད། ཀྲི་ལིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་ལྔ་ཉིན་སྤྱི་སྒྲོག་སྤེལ་ཏེ། ཀྲི་ལིའི་སྤྱི་ཚོགས་འཕེལ་རྒྱས་དང་ཁྱིམ་ཚང་ལས་དོན་གྱི་པུའུ་ཀྲང་ཐའོ་ལོ་ཡིས་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བར་འགན་ཁུར་དུ་བཅུག་ཡོད་ཟེར།

མིག་སྔར། མེ་སྐྱོན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། ཀྲི་ལིའི་སྲིད་གཞུང་གི་དཔོན་པོ་མང་བོས་བཤད་པ་ལྟར་ན། ཐེངས་འདིའི་མེ་སྐྱོན་ཁྲོད་དུ་གནས་མི་འདྲ་བ་འགར་དུས་མཉམ་དུ་མེ་སྐྱོན་བྱུང་བ་ཡིན་པས། བསམ་བཞིན་དུ་མེར་བཏང་བ་ཡིན་ཡང་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།