ཀྲི་ལིའི་སྔོན་ཆད་ཀྱི་ཙུང་ཐུང་ཕིས་ནེ་ལཱ་གྱེན་འཕུར་གནམ་གྲུའི་ཆག་སྒོའི་ཁྲོད་རྐྱེན་ལམ་དུ་ཤོར།
2024.02.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

ཀྲི་ལིའི་ནང་སྲིད་པུའུ་ཀྲང་ཐའོ་ཨ་ཡིས་ཚེས་དྲུག་ཉིན་བདེན་དཔང་བྱས་དོན། ཀྲི་ལིའི་སྔོན་ཆད་ཀྱི་ཙུང་ཐུང་ཕིས་ནེ་ལཱ་ཉིན་དེར་གྱེན་འཕུར་གནམ་གྲུའི་ཆག་སྒོའི་ཁྲོད་རྐྱེན་ལམ་དུ་ཤོར་ཟེར།

ཐའོ་ཨ་ཡིས་ཉིན་དེར་ཀྲི་ལིའི་རྒྱལ་ས་ཧྲིན་ཏིས་ཡཱ་ཀི་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གྱེན་འཕུར་གནམ་གྲུ་ཞིག་ཚེས་དྲུག་ཉིན་ཀྲི་ལིའི་ལྷོ་ཕྱོགས་ཀྱི་ལོ་སི་ལི་ཨོ་སི་ས་ཁུལ་ཆེན་མོའི་ཧྥུའུ་ཐི་ལོ་ནོའུ་གྲོང་ཁྱེར་ནས་སར་ལྷུང་བ་དང་། གནམ་གྲུའི་སྟེང་དུ་འགྲུལ་བ་བཞི་ཡོད་པའི་ཁྲོད་ནས་ཀྲི་ལིའི་སྔོན་ཆད་ཀྱི་ཙུང་ཐུང་ཕིས་ནེ་ལཱ་རྐྱེན་ལམ་དུ་ཤོར་བ་དང་མི་གཞན་པ་གསུམ་པོ་སྲོག་ཉེན་ལས་ཐར་ཡོད་ཟེར།

ཐའོ་ཨ་ཡིས་བཤད་རྒྱུར། ཀྲི་ལིའི་ཙུང་ཐུང་པའོ་ལི་ཆི་ཡིས་ཕིས་ནེ་ལཱར་རྒྱལ་ཁབ་རིམ་པའི་དུར་འཇུག་དང་རྒྱལ་ཡོངས་ནས་མྱ་ངན་ཞུ་བའི་བྱ་འགུལ་སྤེལ་དགོས་པའི་མཛུབ་སྟོན་བྱས་ཡོད་ཟེར།

ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཕིས་ནེ་ལཱ་ཉིན་དེར་ཁྱིམ་མི་དང་མམ་དུ་ལོ་སི་ལི་ཨོ་སི་ས་ཁུལ་ཆེན་མོའི་མཚོ་འགྲམ་ཞིག་ཏུ་སྤྲོ་སྐྱིད་ལ་རོལ་བཞིན་ཡོད་པ་དང་། གནམ་གྲུ་སར་ལྷུང་བའི་དོན་རྐྱེན་དེ་ཕྱི་དྲོའི་དུས་ཚོད་གསུམ་ཡས་མས་སུ་བྱུང་བ་ཡིན་ལ། ས་ཁུལ་དེར་ཆར་བ་འབབ་བཞིན་ཡོད་ཅིང་མཐོང་ཚད་ཧ་ཅང་དམའ་བ་དང་། ཕིས་ནེ་ལཱ་སྡོད་པའི་གྱེན་འཕུར་གནམ་གྲུ་དེ་མཚོ་ངོས་བརྒྱུད་ནས་འཕུར་སྐབས་མཚོ་ནང་དུ་ལྷུང་བ་རེད་ཟེར།

ཕིས་ནེ་ལཱ་ད་ལོར་དགུང་ལོ་དོན་བཞི་ཡིན་པ་དང་། ཉིས་སྟོང་བཅུ་ལོ་ནས་ཉིས་སྟོང་བཅུ་བཞི་ལོའི་བར་དང་། ཉིས་སྟོང་བཅོ་བརྒྱད་ལོ་ནས་ཉིས་སྟོང་ཉེར་གཉིས་ལོའི་བར་ཐེངས་གཉིས་ལ་ཀྲི་ལིའི་ཙུང་ཐུང་གི་འགན་ཁུར་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།