ཟླ་གཉིས་པའི་ཚེས་དྲུག་ཉིན། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཁེ་རོ་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་དང་གྲོས་མོལ་བྱས།
ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཚེས་དྲུག་ཉིན་བསྟན་དོན། ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་སྐབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡིས་གནད་འགག་གི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་ཟེར།
ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཚེས་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། སེ་ཞི་ཡིས་ཉིན་དེར་རྒྱལ་ས་ཁེ་རོ་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་དང་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་དང་ཕཱ་ལེ་སི་ཐན་གྱི་མིར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས། སེ་ཞི་ཡིས་གྲོས་མོལ་བྱེད་སྐབས་ཨེ་ཅིབ་དང་མཉམ་འབྲེལ་རྒྱལ་ཚོགས། རྒུད་སྐྱོབ་ལས་ཁུངས་གཞན་པ་བཅས་ཀྱིས་མཉམ་ལས་བྱས་ཏེ་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པའི་བྱ་བ་ནན་བཤད་བྱས་པ་དང་། དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ཡིས་གནད་འགག་གི་ནུས་པ་འདོན་སྤེལ་བྱས་ཡོད་པར་བསྟན།
པུའུ་ལིན་ཁུན་གྱིས་བསྟན་དོན། ཨ་མེ་རི་ཁས་ཨེ་ཅིབ་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་རྒྱབ་སྐྱོར་བྱེད་པ་དང་། ཨེ་ཅིབ་ཀྱིས་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྐུལ་འདེད་གཏོང་བའི་ནུས་པ་ཆེན་པོ་བཏོན་པར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཨ་མེ་རི་ཁས་མུ་མཐུད་དུ་ཨེ་ཅིབ་བར་མཐུན་སྦྱོར་བྱས་ཏེ། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་རྒྱུ་ཡིན་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་ཕྱོགས་ཡོངས་ནས་ཕཱ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱས་ཏེ་ཡུན་རིང་གཏན་འཇགས་ལ་འགན་སྲུང་བྱེད་པའི་དགོས་གལ་རང་བཞིན་ལ་གྲོས་བསྡུར་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་བསྒྱུར།