མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་བཀའ་རྒྱ་བཏང་སྟེ་དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ཡི་སྒེར་ཚུགས་གྲོས་ཞིབ་ཚན་ཆུང་བཙུགས།
2024.02.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ཡི་ཀྲུའུ་རིན་ཆེད་དོན་པ་ལཱ་ཀྲ་ལི་ནེ་དང་གྲོས་མོལ་བྱས་པ་བརྒྱུད། ཁོས་བཀའ་རྒྱ་བཏང་སྟེ་སྒེར་ཚུགས་ཀྱི་གྲོས་ཞིབ་ཚན་ཆུང་བཙུགས་ནས་ལས་ཁུངས་དེས་རང་གི་འགན་འཁྲིའི་ཁྱབ་ཁོངས་ནང་ནུས་པ་གང་ཡོད་བཏོན་ནས་དཀྱིལ་དབུས་རང་བཞིན་འགན་སྲུང་བྱས་ཡོད་མིན་དང་། སྒྲིག་འགལ་གྱི་བྱ་སྤྱོད་ཚབས་ཆེན་བྱུང་བའི་སྐྱོན་འཛུགས་ཐེབས་སྐབས་ཇི་ལྟར་བསྒྲུབ་པར་དཔྱད་འཇོག་བྱེད་དགོས་ཟེར།

ཟླ་དང་པོའི་ཚེས་ཉེར་དྲུག་ཉིན། ལཱ་ཀྲ་ལི་ནེ་ཡིས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དབང་འཛིན་ལས་ཁུངས་ཀྱིས་འདོན་སྤྲོད་བྱས་པའི་གནས་ཚུལ་ལྟར་ན། དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ཡི་ལས་བཟོ་བ་བཅུ་གཉིས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ན་ནིང་ཟླ་བཅུ་བར་དབྱི་སི་རལ་དུ་འཇབ་རྒོལ་བྱས་པའི་དོན་ལ་འབྲེལ་བ་ཡོད་པར་སྐྱོན་འཛུགས་བྱས་ཡོད། ཀུའུ་ཐི་ལོས་སི་ཡིས་དེའི་རྗེས་སུ་ཧ་ཅང་ཚབས་ཆེ་བའི་སྐྱོན་འཛུགས་དེར་རྟོག་ཞིབ་བྱེད་དགོས་པའི་རེ་བ་བཏོན།

ཀུའུ་ཐི་ལོས་སི་ཡིས་གསལ་སྒྲོག་ནང་བསྟན་དོན། གྲོས་ཞིབ་བྱ་བར་ཧྥ་རན་སིའི་སྔོན་ཆད་ཀྱི་ཕྱི་འབྲེལ་བློན་ཆེན་ཁི་ལུང་ནཱ་ཡིས་སྣེ་ཁྲིད་བྱེད་རྒྱུ་ཡིན་པ་དང་། ཞིབ་འཇུག་ལས་ཁུངས་གསུམ་གྱིས་མཉམ་དུ་ཡོངས་འགྲུབ་བྱེད་རྒྱུ་ཡིན་ལ། གྲོས་ཞིབ་ཚན་ཆུང་གིས་ཟླ་གཉིས་པའི་ཚེས་བཅུ་བཞི་ཉིན་ནས་བྱ་བ་མགོ་རྩོམ་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་ན་ད་ལོའི་ཟླ་གསུམ་པའི་ཟླ་སྨད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོར་གནས་སྐབས་ཀྱི་སྙན་ཞུ་ཞིག་སྤྲོད་རྒྱུ་རེད། ཆེས་མཇུག་མཐའི་སྙན་ཞུ་དེ་ཚོད་དཔག་བྱས་ན་ད་ལོའི་ཟླ་བཞི་བའི་ཟླ་སྨད་དུ་ཡོངས་འགྲུབ་བྱས་ཏེ་ཕྱི་ཕྱོགས་ལས་ཡོངས་བསྒྲགས་བྱེད་རྒྱུ་རེད་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། སྒེར་ཚུགས་ཀྱིས་ཕྱི་རོལ་དུ་ཞིབ་བཤེརབྱེད་པའི་ཞོར་དུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་ཁུལ་ལྟ་རྟོག་ལས་དོན་ཐིན་གྱིས་ཀྱང་དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ཡི་ལས་བྱེད་པར་ཐེབས་པའི་སྐྱོན་འཛུགས་ཐད་ནས་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།