ཕཱ་ལེ་སི་ཐན་གྱི་འཕྲིན་གཏོང་ཁང་གིས་ཚེས་བདུན་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་དྲུག་ཉིན་གྱི་དགོང་མོར་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་དུ་གཅིག་བསྡུས་འགས་གཏོར་བཏང་ནས། ཉུང་མཐར་ཡང་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་ཟེར།
བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་འགས་གཏོར་གཏོང་ས་དེ་གཙོ་བོ་ལཱ་ཧྥ་གྲོང་ཁྱེར་གྱི་ཤར་ཕྱོགས་དང་ནུབ་ཕྱོགས་ས་ཁུལ་ཡིན་ལ། འགས་གཏོར་ལས་མི་སྣ་མང་བོར་ཤི་རྨས་བཟོས་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱིས་ཚེས་བདུན་ཉིན་གསལ་སྒྲོག་སྤེལ་ཏེ ལཱ་ཧྥ་གྲོང་ཁྱེར་ནི་ཅཱ་ཧྲ་ས་ཁུལ་གྱི་མི་གྲངས་མང་བོ་འདུས་སྡོད་བྱེད་པའི་ས་ཁུལ་ཡིན་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་དམག་དོན་འགུལ་སྐྱོད་ཀྱི་ཁྱབ་ཁོངས་དེ་གནས་འདིར་རྒྱ་བསྐྱེད་ན། མི་སེར་དཀྱུས་མ་མང་བོར་ཤི་རྨས་ཐེབས་སྲིད་ལ། ངེས་པར་དུ་གནས་ཚུལ་དེ་འདྲ་འབྱུང་བར་གང་ནུས་ཀྱིས་སྔོན་འགོག་བྱེད་དགོས་ཟེར།
ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་བདུན་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་འདས་པའི་དུས་ཚོད་ཉེར་བཞིའི་ནང་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་པ་ལས་བསྡོམས་པས་མི་བརྒྱ་དང་ཉེར་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་རེ་དགུར་རྨས་ཕོག་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།