ཅོར་ཏན་དམག་ཕྱོགས་ཀྱིས་དུག་རྫས་ལྐོག་འཚོང་གི་བྱ་འགུལ་ཅིག་ཕམ་ཉེས་སུ་བཏང་།
2024.02.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཅོར་ཏན་གྱི་དྲག་ཆས་དམག་དཔུང་གིས་ཚེས་བདུན་ཉིན་སི་རི་ཡཱ་དང་འདབས་འབྲེལ་དུ་ཡོད་པའི་མཐའ་མཚམས་ས་ཁུལ་ནས་དུག་རྫས་ལྐོག་འཚོང་བྱེད་པའི་བྱ་འགུལ་ཅིག་ཕམ་ཉེས་སུ་བཏང་ཡོད་པ་ཁྱབ་བསྒྲགས་བྱས།

ཅོར་ཏན་གྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་ཁང་གི་འགན་ཁུར་བ་ཞིག་གིས་ཚེས་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། དྲག་ཆས་དམག་དཔུང་གི་ཤར་ཕྱོགས་དམག་ཁུལ་གྱིས་དམག་དོན་བདེ་འཇགས་སྡེ་ཁག་དང་། དུག་འགོག་སྡེ་ཁག་བར་མཐུན་སྦྱོར་འགུལ་སྐྱོད་སྤེལ་ནས། ཉིན་དེའི་ཞོགས་པར་སི་རི་ཡཱ་ནས་ཅོར་ཏན་དུ་དུག་རྫས་ལྐོག་འཚོང་བྱེད་པའི་བྱ་འགུལ་ཅིག་ཕམ་ཉེས་སུ་བཏང་བ་དང་། དུག་རྫས་ལྐོག་འཚོང་བྱེད་མཁན་གསུམ་བསད་པ་དང་དུག་རྫས་མང་བོ་གཞུང་བཞེས་བྱས། མཐའ་སྲུང་དམག་མི་ཞིག་ལ་འགུལ་སྐྱོད་དེའི་ཁྲོད་རྨས་ལྗིད་མོ་ཕོག་ཡོད་ཟེར།

འགན་ཁུར་བ་དེས་བསྟན་དོན། ཅོར་ཏན་གྱིས་མུ་མཐུད་དུ་ཤུགས་ཆེན་པོས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱེལ་བའི་བྱ་སྤྱོད་ལ་ཆམ་ཕབ་གཏོང་གཏོང་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།