ཨེ་ཀྭ་ཏོར་གྲོས་ཁང་གིས་ཨེ་ཀྭ་ཏོར་དང་ཀྲུང་གོའི་རང་དབང་ཉོ་ཚོང་གྲོས་ཆོད་ལ་ཆོག་མཆན་བཀོད།
2024.02.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

ཨེ་ཀྭ་ཏོར་གྲོས་ཁང་གི་ཚང་འཛོམས་གྲོས་ཚོགས་ནས་ཚེས་བདུན་ཉིན་ཨེ་ཀྭ་ཏོར་དང་ཀྲུང་གོའི་རང་དབང་ཉོ་ཚོང་གྲོས་ཆོད་ལ་ཆོག་མཆན་བཀོད།

ཨེ་ཀྭ་ཏོར་གྲོས་ཁང་གི་ཚང་འཛོམས་གྲོས་ཚོགས་ནས་ཉིན་དེར་འདེམ་ཤོག་འཕངས་ནས་བརྡས་ཐག་གཅོད་པའི་ཐབས་ཀྱིས་ཨེ་ཀྭ་ཏོར་དང་ཀྲུང་གོའི་རང་དབང་ཉོ་ཚོང་གྲོས་ཆོད་ལ་ཆོག་མཆན་བཀོད། དེའི་སྔོན་ཨེ་ཀྭ་ཏོར་རྩ་ཁྲིམས་ཁྲིམས་ཁང་གིས་ཨེ་ཀྭ་ཏོར་དང་ཀྲུང་གོའི་རང་དབང་ཉོ་ཚོང་གྲོས་ཆོད་ལ་རྩ་ཁྲིམས་དང་མཐུན་པའི་ཁྲུན་གཅོད་བྱས་པ་རེད།

ཀྲུང་གོ་ནི་ཨེ་ཀྭ་ཏོར་གྱི་ཉོ་ཚོང་གྲོགས་པོ་ཨང་གཉིས་པ་ཡིན། ཉིས་སྟོང་ཉེར་གསུམ་ལོའི་ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན། ཀྲུང་གོ་དང་ཨེ་ཀྭ་ཏོར་རྒྱལ་ཁབ་གཉིས་ཀྱིས་དངོས་སུ་རང་དབང་ཉོ་ཚོང་གྲོས་ཆོད་བཀོད་དེ། ཨེ་ཀྭ་ཏོར་དེ་ཀྲུང་གོའི་རང་དབང་ཉོ་ཚོང་གྲོགས་པོ་ཨང་ཉེར་བདུན་པར་གྱུར། གྲོས་ཆོད་བཀོད་རྗེས། རྒྱལ་ཁབ་གཉིས་ཀྱིས་སོ་སོར་རང་རང་རྒྱལ་ནང་གི་བཅའ་ཁྲིམས་མཆན་བཀོད་ལས་རིམ་ལག་བསྟར་བྱས་པ་ཡིན་ལ། ཨེ་ཀྭ་ཏོར་གྲོས་ཁང་གིས་ཨེ་ཀྭ་ཏོར་དང་ཀྲུང་གོའི་རང་དབང་ཉོ་ཚོང་གྲོས་ཆོད་ལ་ཆོག་མཆན་བཀོད་པ་དེ་ལས་རང་དབང་ཉོ་ཚོང་གྲོས་ཆོད་ཀྱི་ཨེ་ཀྭ་ཏོར་ཕྱོགས་ཀྱི་ལས་རིམ་ཡོད་ཚད་ཡོངས་འགྲུབ་བྱས་ཡོད་པ་མཚོན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།