དབྱི་སི་རལ་གྱི་ཙུང་ལི་ཡིས་ཧཱ་མཱ་སི་ཡིས་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་རེ་བ་དང་ལེན་མ་བྱས།
2024.02.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་བདུན་ཉིན་བསྟན་དོན། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་བཏོན་པའི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་རེ་བ་དང་ལེན་མ་བྱས་པ་དང་། དབྱི་སི་རལ་གྱི་དམག་དཔུང་ཟླ་ངོ་འགའི་ནང་ཧཱ་མཱ་སི་ལས་རྒྱལ་ངེས་ཡིན་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་བདུན་ཉིན་གྱི་དགོང་མོར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཧཱ་མཱ་སིའི་འཁྲུག་རྩོད་མཚམས་འཇོག་པའི་རེ་བ་དང་ལེན་བྱས་ན། བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་མི་སྲིད་པར་མ་ཟད། དབྱི་སི་རལ་ལ་གནོད་འཚེ་གཞན་ཞིག་འབྱུང་དུ་འཇུག་སྲིད་ཟེར། ཁོས་བཀའ་རྒྱ་བཏང་སྟེ་རྒྱལ་སྲུང་དམག་དཔུང་གིས་ཅཱ་ཧྲའི་ཆེས་ལྷོ་ངོས་ཀྱི་ལཱ་ཧྥ་གྲོང་ཁྱེར་དུ་འགུལ་སྐྱོད་སྤེལ་བར་གྲ་སྒྲིག་བྱེད་དུ་བཅུག་ཡོད་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཤད་རྒྱུར། དབྱི་སི་རལ་རྒྱལ་ཁའི་ཕྱོགས་སུ་བགྲོད་བཞིན་ཡོད་པ་དང་། དབྱི་སི་རལ་གྱི་དམག་དཔུང་ཟླ་ངོ་འགའི་ནང་ཧཱ་མཱ་སི་ལས་རྣམ་པར་རྒྱལ་ངེས་ཡིན། དབྱི་སི་རལ་གྱིས་འཐབ་འཁྲུག་གི་རྗེས་སུ་ཅཱ་ཧྲ་ས་ཁུལ་དུ་བཅའ་སྡོད་བྱས་ནས། ཅཱ་ཧྲ་ས་ཁུལ་དེ་དམག་དོན་ཅན་མ་ཡིན་པའི་གནས་སུ་འགྱུར་བར་འགན་སྲུང་བྱེད་རྒྱུ་ཡིན་ཟེར།

ཧཱ་མཱ་སི་ཡིས་ཚེས་དྲུག་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། སྐོར་ཐེངས་གསར་བའི་བཀག་འཇུག་ཐེབས་པའི་མི་སྣའི་བརྗེ་སྤོར་གྲོས་མཐུན་ལ་ལན་བྱིན་ཡོད་པ་དང་། ཁཱ་ཐར་དང་ཨེ་ཅིབ་སོགས་བར་འདུམ་ཕྱོགས་ཁག་ལ་སྤྲད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།