ཀྲུང་གོ་དང་སུའེ་ཙེར་གྱིས་སྐོར་ཐེངས་གསུམ་པའི་ཕྱི་འབྲེལ་བློན་ཆེན་རིམ་པའི་འཐབ་ཇུས་གྲོས་མོལ་སྤེལ།
2024.02.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱེ་ཡིས་ཚེས་བདུན་ཉིན་པེ་ཅིང་ནས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཨུ་ཡོན་ནམ་ཕྱི་འབྲེལ་བློན་ཆེན་ཁཱ་ཞི་སི་དང་མཉམ་དུ་ཀྲུང་གོ་དང་སུའེ་ཙེར་གྱི་སྐོར་ཐེངས་གསུམ་པའི་ཕྱི་འབྲེལ་བློན་ཆེན་རིམ་པའི་འཐབ་ཇུས་གྲོས་མོལ་སྤེལ།

ཝང་དབྱེ་ཡིས་བཤད་རྒྱུར། ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཉམས་སད་བརྒྱུད་དེ། དུས་ཡུན་རིང་བོར་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་བར་གྱི་འབྲེལ་བའི་མདུན་གྲལ་དུ་སྐྱོད་བཞིན་ཡོད་པས་དཔེ་སྟོན་གྱི་དོན་སྙིང་ལྡན། ཀྲུང་གོ་ཕྱོགས་ཀྱིས་སུའེ་ཙེར་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་འཐབ་ཇུས་འཆར་འགོད་དེ་མཛུབ་སྟོན་དུ་བྱས་ཤིང་། མུ་མཐུད་དུ་གཞན་གྱི་སྔོན་མ་བྱེད་པའི་སྙིང་སྟོབས་དར་སྤེལ་བྱས་ནས། ཀྲུང་གོ་དང་སུའེ་ཙེར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་མདུན་ལྗོངས་གསར་བ་གསར་གཏོད་བྱེད་འདོད་ཡོད་ཟེར།

ཁཱ་ཞི་སི་ཡིས་བསྟན་དོན། སུའེ་ཙེར་དང་ཀྲུང་གོས་ཕན་ཚུན་རྒྱུས་ལོན་དང་ལྷག་བསམ་རྣམ་དག་གིས་བརྗེ་རེས་བྱས། བར་ཁྱད་ཀྱིས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་རྐྱེན་ཐེབས་མི་སྲིད། སུའེ་ཙེར་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ། ལག་རྡང་སྦྲེལ་ནས་སུའེ་ཙེར་དང་ཀྲུང་གོའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཕྱོགས་གཉིས་ཀྱིས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ལྟ་ཚུལ་གལ་ཆེན་དངོས་འབེབས་བྱེད་པ་དང་། མུ་མཐུད་དུ་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་སེམས་ཁུར་གཙོ་བོར་བརྩི་འཇོག་བྱེད་རྒྱུ་མ་ཟད། རང་རང་གིས་གདམ་གསེས་བྱས་པའི་ལམ་ལུགས་དང་འཕེལ་རྒྱས་བགྲོད་ལམ་ལ་བརྩི་འཇོག་བྱེད་རྒྱུ་ཡིན་ཟེར།

ཕྱོགས་གཉིས་ཀྱིས་མུ་མཐུད་དུ་སྲིད་གཞུང་བར་གྱི་གྲོས་མོལ་མཉམ་ལས་རྐྱེན་སྲོལ་མང་བོ་བེད་སྤྱད་དེ། ནོར་སྲིད་དང་ཚན་རིག་གསར་གཏོད། སློབ་གསོ། ཤེས་བྱའི་ཐོན་དབང་། ནམ་ཟླའི་འགྱུར་ལྡོག ལྷད་མེད་འཕེལ་རྒྱས། གངས་འཁྱག་ལུས་རྩལ་སོགས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་ཟེར།

ཕྱོགས་གཉིས་ཀྱིས་རང་དབང་ཉོ་ཚོང་གྲོས་ཆོད་ཀྱི་རིམ་པ་འཕར་ནས་མཉམ་འབྲེལ་ཞིབ་འཇུག་བྱས་པར་ཡིད་ཚིམས་པའི་ཚུལ་བསྟན་པ་དང་། གང་མགྱོགས་སྒོས་རིམ་འཕར་གྲོས་མོལ་དངོས་སུ་མགོ་རྩོམ་པར་རེ་བཞིན་ཡོད། ཝང་དབྱེ་ཡིས་ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་བཟང་བོ་མཚམས་སྦྱོར་བྱས་པ་དང་། སུའེ་ཏེན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་སྒོ་འབྱེད་དང་འདྲ་མཉམ། མཐོང་ཆུང་མེད་པའི་ཚོང་གཉེར་ཁོར་ཡུག་ཅིག་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན། ཁཱ་ཞི་སི་ཡིས་ཀྲུང་གོས་སྒོ་འབྱེད་ཀྱི་སྙིང་སྟོབས་དར་སྤེལ་བྱས་པར་གཟེངས་བསྟོད་བྱས་པ་དང་། སུའེ་ཙེར་གྱིས་ནམ་རྒྱུན་རང་དབང་ཉོ་ཚོང་ལ་རྒྱབ་སྐྱོར་བྱས་ནས་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།

ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་ནུས་པ་གཙོ་བོར་རྒྱབ་སྐྱོར་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།