ཀུའུ་ཐི་ལོས་སི་ཡིས་འབྲུག་ལོའི་ལུགས་རྙིང་ལོ་སར་ལ་ཞུ་ཚིག་ཕུལ་ནས་ཀྲུང་གོས་ཕྱོགས་མང་རིང་ལུགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས།
2024.02.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་དྲུག་ཉིན་ལུགས་རྙིང་འབྲུག་ལོའི་ལོ་སར་གྱི་ཞུ་ཚིག་ཕུལ་ཏེ། ཀྲུང་གོ་དང་ཀྲུང་གོའི་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་སྒོས་མཉམ་འབྲེལ་རྒྱལ་ཚོགས་དང་ཕྱོགས་མང་རིང་ལུགས། འཛམ་གླིང་ཡོངས་ཀྱི་གོང་འཕེལ་བཅས་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས།

ཀུའུ་ཐི་ལོས་སི་ཡིས་བརྙན་རིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། འབྲུག་ལོའི་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། ངས་ཚང་མར་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་བྱས་པ་ཡིན། འབྲུག་གིས་གསོན་ཤུགས་དང་བློ་གྲོས། གཏན་སྲུང་། ལས་བསོད་བཅས་མཚོན་པས། དེ་ནི་ང་ཚོས་དེང་སྐབས་ཀྱི་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་པར་མཁོ་བའི་ཁྱད་གཤིས་ཏག་ཏག་རེད་ཟེར།

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ད་ལོ་ནི་ལུགས་རྙིང་ལོ་སར་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནང་བ་ཐོབ་རྗེས་ཀྱི་ལོ་སར་ཐོག་མ་ཡིན་ཞིང་། ཀྲུང་གོ་དང་ཀྲུང་གོའི་མི་དམངས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ཕྱོགས་མང་རིང་ལུགས། འཛམ་གླིང་ཡོངས་ཀྱི་གོང་འཕེལ་བཅས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། ང་ཚོས་ལག་རྡང་སྦྲེལ་ནས་མཉམ་སྐྱོད་བྱས་ན། རྒྱུན་མཐུད་དང་དྲང་བདེན། ཞི་བདེ་བཅས་ཀྱི་མ་འོངས་པ་ཞིག་མངོན་འགྱུར་བྱེད་ཐུབ་ངེས་རེད་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ལོ་གསར་བའི་ནང་ཚང་མའི་ལུས་ཕུང་བདེ་ཐང་དང་འཚོ་བ་བདེ་སྐྱིད། དཔལ་འབྱོར་དར་རྒྱས་འབྱུང་བའི་སྨོན་འདུན་ཞུས་པ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།