ཝུའུ་ཁི་ལན་གྱི་བཟུང་དམག་བརྒྱ་ཕྱིར་ཝུའུ་ཁི་ལན་དུ་འབྱོར།
2024.02.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཝུའུ་ཁི་ལན་གྱི་བཟུང་དམག་བརྗེ་སྤོར་ལས་དོན་གྱི་འགན་ཁུར་བའི་སྡེ་ཁག་གིས་ཚེས་བརྒྱད་ཉིན་དྲ་ཐོག་ཏུ་གནས་ཚུལ་སྤེལ་ནས། ཝུའུ་ཁི་ལན་གྱི་བཟུང་དམག་བརྒྱད་ཉིན་དེའི་དགོང་མོར་ཝུའུ་ཁི་ལན་དུ་འབྱོར་ཡོད་ཟེར།

བསྒྲགས་པ་ལྟར་ན། ཕྱིར་བཏང་བའི་ཝུའུ་ཁི་ལན་གྱི་དམག་མིར་ཝུའུ་ཁི་ལན་གྱི་རྒྱལ་དམངས་ཉེན་སྲུང་རུ་ཁག་དང་མཐའ་སྲུང་ཉེན་སྲུང་རུ་ཁག རྒྱལ་ཁབ་མངའ་ཁོངས་འགོག་སྲུང་དམག་དཔུང་། ཡཱ་སུའུ་རྣོ་ལྕགས་བཟོ་གྲྭའི་འགོག་སྲུང་དམག་དཔུང་བཅས་ཀྱི་དམག་མི་འདུས་ཡོད་ཟེར།

ཝུའུ་ཁི་ལན་གྱི་རྒྱལ་སྲུང་པུའུ་གསང་འཕྲིན་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་པུའུ་ཏཱ་ནོའུ་ཧྥུའུ་ཉིན་དེའི་དགོང་མོར་བཟུང་དམག་དག་ཕྱིར་ཝུའུ་ཁི་ལན་དུ་ལོག་པར་བསུ་བ་བྱེད་པའི་བྱ་འགུལ་ལ་ཞུགས། པུའུ་ཏཱ་ནོའུ་ཧྥུའུ་ཡིས་སྨྱན་བྱད་ལ་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། ཨུ་རུ་སིའི་ཕྱོགས་བར་བཟུང་དམག་བརྗེ་སྤོར་བྱེད་པའི་བྱ་འགུལ་སྤེལ་ནས། ཝུའུ་ཁི་ལན་གྱི་དམག་མི་སྟོང་གསུམ་དང་བརྒྱ་སོ་ལྔ་ཕྱིར་ཝུའུ་ཁི་ལན་དུ་ལོག་ཡོད་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བརྒྱད་ཉིན་གྱི་དགོང་མོར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། གྲོས་མོལ་བྱས་པ་བརྒྱུད། ཝུའུ་ཁི་ལན་གྱིས་ཚོད་འཛིན་བྱེད་པའི་ས་ཁུལ་དུ་བཀག་འཇུག་བྱས་པའི་ཨུ་རུ་སིའི་དམག་མི་བརྒྱ་ཕྱིར་ཨུ་རུ་སིར་འབྱོར་ཡོད། དེའི་བརྗེ་སྤོར་ཆ་རྐྱེན་དུ་ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་ཕྱོགས་ལ་ཝུའུ་ཁི་ལན་གྱི་དམག་མི་བརྒྱ་སྤྲད་ཡོད། ཉིན་དེའི་འགུལ་སྐྱོད་ནི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མི་ཆོས་རིང་ལུགས་ཀྱི་བར་འདུམ་འོག་སྤེལ་བ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།