དབྱི་རག་དམག་ཕྱོགས་ཀྱིས་རྒྱལ་སྤྱིའི་མནའ་འབྲེལ་དེ་དབྱི་རག་གཏན་འཇགས་མི་ཡོང་བའི་རྒྱུ་རྐྱེན་དུ་གྱུར་ཡོད་པའི་ཚུལ་བསྟན།
2024.02.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

དབྱི་རག་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱིའི་མགྲིན་ཚབ་པ་ལཱ་སུའུ་ཨར་གྱིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁ་གཙོ་བྱས་པའི་རྒྱལ་སྤྱིའི་མནའ་འབྲེལ་དེ་དབྱི་རག་གཏན་འཇགས་མི་ཡོང་བའི་རྒྱུ་རྐྱེན་དུ་གྱུར་ཡོད་ཟེར།

ལཱ་སུའུ་ཨར་གྱིས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་ཡང་བསྐྱར་དབྱི་རག་གི་རྒྱལ་ས་པཱ་ཀི་ཏཱའི་སྡོད་དམངས་འདུས་སྡོད་ཁུལ་དུ་མཇུག་འབྲས་ལ་ཁ་ཡ་མི་བྱེད་པའི་ལྐོག་གསོད་བྱ་འགུལ་སྤེལ་བ་དང་། དེས་སྔར་ལས་ལྷག་པའི་སྒོ་ནས་དབྱི་རག་སྲིད་གཞུང་གིས་རྒྱལ་སྤྱིའི་མནའ་འབྲེལ་དབྱི་རག་ཏུ་སྡོད་མཚམས་འཇོག་པར་སྐུལ་འདེད་གཏོང་སྲིད་ཟེར།

དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡི་མགྲིན་ཚབ་པ་ཧེ་ཧྥ་ཅི་ཡིས་ཀྱང་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁ་དང་རྒྱལ་སྤྱིའི་མནའ་འབྲེལ་དམག་དཔུང་གིས་ཉེན་ཁའི་འགུལ་སྐྱོད་དེ་དག་ཐག་གཅོད་བྱེད་པའི་མཇུག་འབྲས་རང་གིས་ཁག་ཁུར་བྱེད་དགོས། འཇབ་རྒོལ་ལས་དབྱི་རག་གི་བདེ་འཇགས་ལ་འཇིགས་ཉེན་བཟོས་པ་དང་། དབྱི་རག་དང་རྒྱལ་སྤྱིའི་མནའ་འབྲེལ་བར་དུ་སྤེལ་བཞིན་བའི་གྲོས་མོལ་ལ་གཏོར་བརླག་བཏང་ཡོད་ཟེར།

ཚེས་བདུན་ཉིན་གྱི་དགོང་མོར། རླངས་འཁོར་ཞིག་ལ་ཀི་ཏཱའི་ཤར་ཕྱོགས་ས་ཁུལ་དུ་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་བྱས་ཏེ། དབྱི་རག་གི་ཧྲི་ཡེ་ཕྱོགས་ཁག་གི་དྲག་ཆས་པ་ཀྲིན་ཀྲུའུ་སྟོང་ཤོག་གི་བཀོད་འདོམ་དཔོན་པོ་གཅིག་དང་བཅས་པའི་མི་གསུམ་རྐྱེན་ལམ་དུ་ཤོར། ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་བསྒྲགས་བྱས་པ་དང་། བསད་པའི་ཀྲིན་ཀྲུའུ་སྟོང་ཤོག་གི་བཀོད་འདོམ་པ་དེ་མེ་རི་ཁའི་དམག་དཔུང་ལ་འཇབ་རྒོལ་བྱེད་པར་ཐད་ཀར་འཆར་འགོད་དང་ཟབ་ཞུགས་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།