ཧྥུན་ལན་གྱིས་ཨུ་རུ་སིའི་བར་གྱི་མཐའ་མཚམས་རྒྱུ་ལམ་བཀག་སྡོམ་བྱེད་པའི་ཡུན་ཚད་ཇེ་རིང་དུ་བཏང་།
2024.02.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཧྥུན་ལན་སྲིད་གཞུང་གིས་ཚེས་བརྒྱད་ཉིན་ཆོད་དོན་སྤེལ་ཏེ། ཧྥུན་ལན་གྱིས་ཨུ་རུ་སིའི་བར་གྱི་སྐམ་སའི་མཐའ་མཚམས་རྒྱུ་ལམ་བརྒྱད་པོ་ཚང་མའི་བཀག་སྡོམ་ཡུན་ཚད་དེ་ཟླ་བཞི་བའི་ཚེས་བཅུ་བཞིའི་བར་ཇེ་རིང་དུ་གཏོང་རྒྱུ་ཡིན་ཟེར།

ཧྥུན་ལན་སྲིད་གཞུང་གིས་ཉིན་དེར་སྤེལ་བའི་གསར་འགྱུར་མ་ཡིག་ལས་བསྟན་དོན། མིག་སྔར་མི་སྟོང་ཕྲག་མང་བོས་ཧྥུན་ལན་དང་ཨུ་རུ་སིའི་མཐའ་མཚམས་ས་ཁུལ་གྱི་ཨུ་རུ་སིའི་ཕྱོགས་ནས་ཧྥུན་ལན་དུ་འགྲོ་བའི་གོ་སྐབས་ལ་སྒུག་བཞིན་ཡོད། གལ་ཏེ་མཐའ་མཚམས་རྒྱུ་ལམ་སྒོ་འབྱེད་བྱས་ན། ཁྲིམས་འགལ་གྱི་གནས་སྤོར་སྡོད་དམངས་དག་ཡང་བསྐྱར་འབྱུང་སྲིད། དེ་ལས་ཧྥུན་ལན་གྱི་རྒྱལ་ཁབ་བདེ་འཇགས་དང་སྤྱི་བའི་སྒྲིག་ལམ་ལ་འཇིགས་ཉེན་ཚབས་ཆེན་བཟོ་སྲིད། ཧྥུན་ལན་སྲིད་གཞུང་གིས་ཤར་ཕྱོགས་མཐའ་མཚམས་ས་ཁུལ་དུ་ཁྲིམས་འགལ་གྱིས་མཐའ་མཚམས་བརྒལ་བའི་གནས་སྤོར་སྡོད་དམངས་གནད་དོན་གྱི་ཚབ་བྱེད་ཇུས་གཞི་འཚོལ་ཞིབ་བྱེད་བཞིན་ཡོད་ཀྱང་། དུས་ཚོད་ངེས་ཅན་བཀོལ་ནས་ཁྲིམས་འཛུགས་དབྱེ་ཞིབ་བྱས་ཏེ་སྡོམ་ཚིག་འགོད་དགོས་ཡོད་ཟེར།

ན་ནིང་ཟླ་བཅུ་གཉིས་པའི་ཟླ་དཀྱིལ་དུ། ཧྥུན་ལན་གྱིས་ཨུ་རུ་སིའི་བར་གྱི་མཐའ་མཚམས་རྒྱུ་ལམ་ཚང་མ་བཀག་སྡོམ་བྱས་ནས། ཁྲིམས་འགལ་གནས་སྤོར་སྡོད་དམངས་ཡོང་བར་བཀག་འགོག་བྱས་པ་དང་། ཆོད་དོན་དེ་ད་ལོའི་ཟླ་དང་པོའི་ཚེས་བཅུ་བཞི་ཉིན་ཡུན་ཚད་ལོངས་རྗེས་ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན་བར་ཇེ་རིང་དུ་བཏང་བ་རེད།

ཡོ་རོབ་གླིང་བྱང་མའི་རྒྱལ་ཁབ་ཧྥུན་ལན་གྱི་ཤར་མཐའ་ཨུ་རུ་སི་དང་འབྲེལ་ཡོད་པ་དང་། རྒྱལ་ཁབ་གཉིས་བར་སྤྱི་ལེ་སྟོང་གཅིག་དང་སུམ་བརྒྱ་ལྷག་གི་ཐུན་མོང་རྒྱལ་མཚམས་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།