དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་བདུན་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཙུང་ཐུང་ལའེ་ཞི་ཡིས་ཉིན་དེར་ཏི་ཧེ་ལན་ནས་སྤེལ་བའི་དབྱི་སི་ལན་གསར་བརྗེ་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་ཞེ་ལྔ་འགོར་བའི་རྗེས་དྲན་མཛད་སྒོའི་སྟེང་དབྱི་ལིང་དུ་སྡོད་པའི་འཐུས་ཚབ་ཚོགས་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མིར་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། དབྱི་ལིང་ལ་ཞི་བའི་སྒོ་ནས་ཉིང་རྡུལ་ནུས་པ་བེད་སྤྱོད་བྱེད་པའི་དབང་ཆ་ཡོད་པ་དང་། དེའི་ཞོར་དུ་དབྱི་ལིང་གིས་ཉིང་རྡུལ་མཚོན་ཆ་གཏན་འགོག་བྱེད་བཞིན་ཡོད་ཟེར།
ལའེ་ཞི་ཡིས་བསྟན་དོན། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་གསལ་སྒྲོག་བཅོ་ལྔའི་ནང་བདེན་དཔང་བྱས་དོན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞི་གནས་གཞན་ལ་སྤར་མེད་ཟེར། ལའེ་ཞི་ཡིས་བསྟན་དོན། ཉིང་རྡུལ་ནུས་པའི་མདེལ་མགོ་དང་ཉིང་རྡུལ་ནུས་པའི་འཕུར་མདའ་ཡོད་པའི་རྒྱལ་ཁབ་དག་གིས་དབྱི་ལིང་གིས་ཞི་བདེའི་དམིགས་ཡུལ་དུ་བྱས་ཏེ་ཉིང་རྡུལ་ནུས་པའི་ལག་རྩལ་འཕེལ་རྒྱས་སུ་གཏོང་བའི་ཚུལ་མཐུན་གྱི་ཁེ་དབང་འཕྲོག་འདོད་ཡོད་ཀྱང་། ཁོ་ཚོས་ཤེས་དགོས་པ་ཞིག་ལ། དབྱི་ལིང་གིས་མུ་མཐུད་དུ་རང་གི་ཁེ་དབང་རྒྱུན་འཁྱོངས་བྱེད་ངེས་ཡིན་ཟེར།
ལའེ་ཞི་ཡིས་བཤད་རྒྱུར། ནུབ་ཕྱོགས་རྒྱལ་ཁབ་དག་གིས་དབྱི་ལིང་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པའི་རྒྱུ་རྐྱེན་རེ་འགའ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་རྣམ་གྲངས་དབང་གིས་རེད། ཡིན་ཡང་བཀག་སྡོམ་བྱེད་ཐབས་ཀྱིས་དབྱི་ལིང་གི་གོང་འཕེལ་ལ་བཀག་འགོག་ཐེབས་མེད། རྒྱུ་མཚན་ནི་དབྱི་ལིང་གིས་ཁྱབ་ཁོངས་མི་འདྲ་བར་གྲུབ་འབྲས་ཆེན་པོ་བླངས་ཡོད་པས་ཡིན་ཟེར། ལའེ་ཞི་ཡིས་ད་རུང་བསྟན་དོན། དབྱི་ལིང་གིས་གྲོས་མོལ་གྱི་གོ་སྐབས་གཏན་ནས་བསྐྱུར་མྱོང་མེད་ལ། མ་འོངས་པར་ཡང་བསྐྱུར་མི་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།