ཨར་ཅི་རི་ཡཱ་དང་འཇར་མན་གྱིས་ནུས་ཁུངས་མཉམ་ལས་ལ་ཤུགས་སྣོན་བྱས།
2024.02.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཨར་ཅི་རི་ཡཱའི་ནུས་ཁུངས་དང་གཏེར་ཐོན་པུའུ་ཀྲང་ཨ་ཨར་ཁཱ་པུའུ་དང་འཚམས་འདྲིར་ཡོང་བའི་འཇར་མན་གྱི་ཙུང་ལི་གཞོན་པའམ་དཔལ་འབྱོར་དང་ནམ་ཟླའི་སྲུང་སྐྱོབ་པུའུ་ཀྲང་ཧཱ་པེ་ཁི་གཉིས་ཀྱིས་ཚེས་བརྒྱད་ཉིན་རྒྱལ་ས་ཨར་ཅིར་ནས་ཆིང་ནུས་མཉམ་ལས་མཉམ་འབྲེལ་གྱི་རེ་འདུན་གསལ་སྒྲོག་བཀོད། རྒྱལ་ཁབ་གཉིས་ཀྱིས་ཆིང་ལྗང་ཞིབ་འཇུག་དང་ཐོན་སྐྱེད། གསོག་འཇོག སྐྱེལ་འདྲེན་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་མ་ཟད། འབྲེལ་ཡོད་ཀྱི་དངུལ་གཏོང་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

གསལ་སྒྲོག་དེ་ས་དེར་སྤེལ་བའི་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་ཀྱི་སྒོར་ཅོག་གྲོས་ཚོགས་སྐབས་སུ་བཀོད་པ་དང་། ཨར་ཅི་རི་ཡཱ་དང་འཇར་མན་ལས་གཞན། ཐུ་ནི་ཞི་ཡཱ་དང་། དབྱི་ཐཱ་ལེ། ཨོ་སི་ཁྲུ་རི་ཡཱ། ཡོ་རོབ་གླིང་མནའ་འབྲེལ་བཅས་ཀྱི་འཐུས་མིའང་གདན་ཞུས་ལྟར་ཚོགས་འདུར་ཞུགས་ཡོད། ཚོགས་ཞུགས་མཁན་གྱིས་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་གསར་སྤེལ་བྱེད་པའི་སྦས་ཤུགས་དང་འགྲན་རྩོད། དེ་མིན་ལྷོ་ཕྱོགས་ཀྱི་ཆིང་རླངས་རྒྱུ་ལམ་གི་འཛུགས་སྐྲུན་ཐད་ནས་གྲོས་བསྡུར་བྱས་པ་རེད།

ལྷོ་ཕྱོགས་ཀྱི་ཆིང་རླངས་རྒྱུ་ལམ་གྱི་དམིགས་ཡུལ་ནི་ས་དཀྱིལ་མཚོ་ཁོངས་ཀྱི་སྦུག་ལམ་བརྒྱུད་དེ་ཆིང་རླངས་དེ་ཨ་ཧྥེ་རི་ཁ་བྱང་མ་ནས་ཡོ་རོབ་གླིང་དུ་སྐྱེལ་འདྲེན་བྱེད་པ་དང་། དེ་ལས་ཡོ་རོབ་གླིང་གི་ནུས་ཁུངས་བདེ་འཇགས་དང་སྣེ་མང་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་ཆེད་རེད།

གྲོས་ཚོགས་སྐབས་སུ་ཨར་ཅི་རི་ཡཱའི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀུང་ཟི། འཇར་མན་གྱི་རང་བྱུང་སོལ་རླངས་བགོ་བཤའི་ཀུང་ཟི་བཅས་ཀྱིས་འཇར་མན་ལ་རང་བྱུང་སོལ་རླངས་འདོན་སྤྲོད་བྱེད་པའི་གྲོས་མཐུན་བཀོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།