མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བརྒྱད་ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་བྱས་ནས་ཞི་བདེ་བརྩོན་ལེན་བྱེད་པ་དང་། ཧུར་ཐག་སྒོས་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་དཀའ་ཁག་དང་འགྲན་རྩོད་ཐད་ནས་ཐག་གཅོད་བྱེད་པའི་ཇུས་གཞི་འཚོལ་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་།
ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ཉིག་ཡའོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་བསྡུས་པའི་དྲུང་ཡིག་ཆེན་མོའི་ཉིས་སྟོང་ཉེར་བཞི་ལོའི་བྱ་བ་གཙོ་བོའི་སྐོར་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ང་ཚོས་ངེས་པར་དུ་དྲང་བདེན་དང་རྒྱུན་མཐུད་ཀྱི་ཞི་བདེའི་ཆེད་དུ་འབད་བརྩོན་བྱེད་དགོས་པ་དང་། ཞི་བདེ་དེ་རིགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་མཐུན་པོ་ཡིན་ཟེར།
ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཁོས་ཉེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་གཏམ་བཤད་སྤེལ་བ་དང་། གཙོ་བོ་ད་ལོ་དང་ཕྱིན་ཆད་ཀྱི་བྱ་བ་གཙོ་བོ་གླེང་ཡོད་ལ། དེ་ནི་དུས་ཡུན་རིང་ཞིང་ཞིབ་རྒྱས་ཀྱི་གྲོས་རིམ་ཞིག་ཡིན་ཟེར།
ཀུའུ་ཐི་ལོས་སི་ཡིས་བསྟན་དོན། མིག་སྔར་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཡིད་ཆེས་ཉམས་ཉེན་བྱུང་ཡོད་ཅིང་། ཐག་གཅོད་ཇུས་གཞིར་ངེས་པ་དོན་གྱིས་བཅོས་བསྒྱུར་གང་ལེགས་བྱེད་དགོས་ཟེར། ཁོས་བཤད་རྒྱུར། མདུན་བསྐྱོད་ཀྱི་བགྲོད་ལམ་སྟེང་འགྲན་རྩོད་མང་བོས་ཁེངས་ཡོད་ཀྱང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་བཞིན་མུ་མཐུད་དུ་འབད་བརྩོན་བྱེད་དགོས་ལ། ཕན་ནུས་ལྡན་པའི་སྒོ་ནས་འཁྲུག་རྩོད་མཇུག་སྒྲིལ་བ་དང་མིའི་བཟོས་རིག་ནུས་ཐག་གཅོད་བྱེད་པའི་རྒྱུས་མེད་ཉེན་ཁ་ཐག་གཅོད་བྱེད་པ་དང་། ནམ་ཟླའི་འགུལ་སྐྱོད་སྤེལ་བ། རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར།
ཀུའུ་ཐི་ལོས་སི་ཡིས་ནན་གྱིས་བསྟན་དོན། ང་ཚོའི་འཛམ་གླིང་གིས་མུ་མཐུད་དུ་ངང་སྒུག་བྱེད་མི་རུང་། འགྲན་རྩོད་ཛ་དྲག་ལྡན་ཡང་ཞི་བདེ་དང་མཐུན་སྒྲིལ། འགུལ་སྐྱོད་བཅས་སྐོར་གྱི་འབོད་སྐུལ་དེར་མཉམ་འབྲེལ་རྒྱལ་ཚོགས་ཕྱི་ནང་ཀུན་ནས་ཐུན་མོང་གི་ལྟ་ཚུལ་ཟབ་མོ་བྱུང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།