རྒྱལ་ཁབ་མང་བོར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱ་འགུལ་སྤེལ་ནས་ལུགས་རྙིང་གི་འབྲུག་ལོའི་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུས།
2024.02.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

བསྟུད་མར་ཉིན་འགའི་རིང་ལ། རྒྱལ་ཁབ་མང་བོར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱ་འགུལ་སྤེལ་ནས་ལུགས་རྙིང་གི་འབྲུག་ལོའི་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུས།

ཨ་མེ་རི་ཁར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཉེ་སྔོན་ཀྲུང་གོ་དང་ཨ་མེ་རི་ཁའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་ཞེ་ལྔ་འགོར་བར་རྗེས་དྲན་དང་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུ་བསྡུས་པ་དང་། ཨ་མེ་རི་ཁའི་དཔོན་རིགས་དང་། ཨ་མེ་རི་ཁའི་ན་གཞོན་འཐུས་མི། ཨ་མེ་རི་ཁར་སྡོད་པའི་རྒྱལ་ཁབ་མང་བོའི་གཞུང་ཚབ་པ། ཕྱི་སྡོད་རང་མི། ཀྲུང་གོའི་དངུལ་གཏོང་ལས་ཁུངས་ཀྱི་འཐུས་མི་སོགས་མི་བདུན་བརྒྱ་ལྷག་བྱ་འགུལ་ལ་ཞུགས།

འཇར་མན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་སྤེལ་བའི་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུའི་སྟེང་། ཀྲུང་གོ་དང་འཇར་མན་གྱི་སྒྱུ་རྩལ་པ་དང་རིག་རྩལ་དགའ་མོས་མཁན་གྱིས་གླུ་དབྱངས་དང་ཞབས་བྲོ། ཐེ་ཅི་དྲག་རྩལ་སོགས་ཀྱི་ལེ་ཚན་འཁྲབ་སྟོན་བྱས། སྐུ་མགྲོན་རྣམས་ཀྱིས་ཀྲུང་གོས་བླངས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་གཟེངས་བསྟོད་བྱས་པ་དང་། ལོ་གསར་བའི་ནང་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བའི་སྨོན་འདུན་ཞུས།

ཧི་ལན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཉིས་སྟོང་ཉེར་བཞི་ལོའི་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུ་བསྡུས་པ་དང་། སྐུ་མགྲོན་དག་གིས་མཉམ་དུ་ཀྲུང་གོའི་སྲོལ་རྒྱུན་གྱི་ཟློས་གར་འཁྲབ་སྟོན་སོགས་ལ་བལྟས་ནས་མཉམ་དུ་སྤྲོ་སྐྱིད་ལ་རོལ་བར་མ་ཟད། ཀྲུང་གོ་དང་ཧི་ལན་གྱི་འབྲེལ་བ་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་རེ་སྒུག་བྱེད་པའི་ཚུལ་བསྟན།

ཨར་ཅི་རི་ཡཱ་དང་ཨེ་ཙེ་ཨོ་ཕི་ཡཱ། ལེ་པཱ་ནུན། ཧོང་ཏུ་ར་སི། སུའུ་ལི་ནན་སོགས་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྱང་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣས་མཉམ་དུ་མཛའ་བརྩེ་གླེང་བ་དང་ལུགས་རྙིང་གི་འབྲུག་ལོའི་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུས།


བསོད་ནམས་ཚེ་རིང་གིས་བསྒྱུར།