མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མང་བོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལུགས་རྙིང་ལོ་སར་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུས།
2024.02.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཉིས་སྟོང་ཉེར་བཞི་ལོའི་ལུགས་རྙིང་ལོ་སར་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལུགས་རྙིང་ལོ་སར་དུས་ཆེན་ཐོག་མ་ཡིན་ཞིང་། བསྟུད་མར་ཉིན་འགའི་རིང་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མང་བོས་སྤྲོ་སྐྱིད་ལྡན་པའི་སྒོ་ནས་ཀྲུང་གོའི་ལུགས་རྙིང་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་གཅིག་རྗེས་གཉིས་མཐུད་དུ་སྤེལ་བ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣས་མཉམ་དུ་དུས་སྟོན་ལ་རོལ།

ཉེ་སྔོན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཡི་འགྲུལ་བའི་སྣེ་ལེན་ཚོམས་ཆེན་དུ་སྤྲོ་སྐྱིད་རྣམ་པས་ཁེངས་པ་དང་། ལུགས་རྙིང་ལོ་སར་གྱི་དཔལ་ལ་རོལ་བའི་མཉམ་སྤྲོའི་བྱ་འགུལ་ཅིག་གནས་དེར་སྤེལ་བར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་དཔོན་པོ་མང་བོ་བྱ་འགུལ་ལ་ཞུགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་བྱ་བ་བྱེད་པའི་ཀྲུང་གོའི་ལས་བཟོ་བ་སོགས་ཀྱིས་མི་རིགས་ཞབས་བྲོ་དང་། སེང་གེའི་འཁྲབ་སྟོན་སོགས་ཀྱི་ལེ་ཚན་འཁྲབ་སྟོན་བྱས་ནས། ཡུལ་དངོས་སུ་ལུགས་རྙིང་ལོ་སར་གྱི་དགའ་སྤྲོའི་རྣམ་པས་ཡོངས་སུ་ཁེངས་པར་བྱས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཕཱ་རེ་སི་རུ་ཡོད་པའི་སྤྱི་ཁྱབ་པུའུ་ནས་སྤེལ་བའི་ལུགས་རྙིང་ལོ་སར་གྱི་བྱ་འགུལ་སྟེང་། རྒྱལ་ཁབ་སོ་སོའི་སྐུ་མགྲོན་གྱིས་ཙན་ཚུན་ལ་ལུགས་རྙིང་ལོ་སར་གྱི་རྟེན་འབྲེལ་སྨོན་འདུན་ཞུས་པ་དང་། མཉམ་དུ་ཆུ་མོག་ལས་པ་དང་ཀྲུང་གོའི་བཟའ་བཏུང་ཞིམ་པོ་ལོངས་སུ་སྤྱད་པར་མ་ཟད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་ལ་བལྟས།

དབྱི་ཐཱ་ལེའི་རོ་མཱ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཀྲུང་གོའི་ལུགས་རྙིང་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྤེལ། སྐུ་མགྲོན་དག་གིས་ཇ་ལ་རོལ་མྱོང་བྱས་པ་དང་། ཐེ་ཅི་དྲག་རྩལ་གྱི་འཁྲབ་སྟོན་ལ་བལྟས་ནས་ཀྲུང་གོའི་རིག་གནས་ཀྱི་མཛེས་པ་ཉམས་སུ་མྱོང་བཞིན་དུ་ཀྲུང་གོའི་ལུགས་རྙིང་ལོ་སར་ལ་མཉམ་དུ་རྟེན་འབྲེལ་ཞུས།

ཁུན་ནེ་ཡཱ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནེ་ལོ་པུས་དོན་གཅོད་ཁང་གི་སྤྱི་ཁྱབ་པུའུ་དང་ཁུན་ནེ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་མཉམ་དུ་བྱ་འགུལ་སྤེལ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལུགས་རྙིང་ལོ་སར་དུས་ཆེན་ཐོག་མར་དགའ་སྟོན་རྟེན་འབྲེལ་ཞུས།


བསོད་ནམས་ཚེ་རིང་གིས་བསྒྱུར།