སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་གྱིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་སྐོར་ཐེངས་འདིའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཁྲོད་བསྟུད་མར་དབྱི་སི་རལ་ལ་གསོད་རྨས་རང་བཞིན་གྱི་མཚོན་ཆ་འདོན་སྤྲོད་བྱས་པར་མ་ཟད། དབུས་ཤར་གྱི་ས་ཁུལ་མང་བོར་དམག་དོན་འགུལ་སྐྱོད་སྤེལ་བ་རེད། དེ་ལས་ས་ཁུལ་གྱི་འཁྲུག་རྩོད་སྔར་ལས་རྒྱ་བསྐྱེད་སྲིད་ཟེར།
བསྒྲགས་པ་ལྟར་ན། པཱ་ཧྲ་ཨར་གྱིས་ཉིན་དེར་རྒྱལ་ས་ཏཱ་མཱ་ཧྲི་ཀི་ནས་འཚམས་འདྲིར་ཡོང་བའི་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་ལ་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱིས་མིག་སྔའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་དང་། ས་ཁུལ་གྱི་བདེ་འཇགས་གནས་བབ་ལ་གྲོས་བསྡུར་བྱས། པཱ་ཧྲ་ཨར་གྱིས་ཕཱ་ལེ་སི་ཐན་གྱི་མི་དམངས་ལ་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱས་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་དང་ཁྱད་པར་དུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མྱུར་མོར་འགུལ་སྐྱོད་སྤེལ་ནས་དབྱི་སི་རལ་གྱི་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལ་བཀག་འགོག་བྱེད་དགོས་པའི་སྐུལ་མ་བཏང་།
ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་བཤད་རྒྱུར། མིག་སྔའི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་དེ་ས་ཁུལ་རིམ་པའི་གནད་དོན་གཙོ་བོ་ཞིག་ཏུ་བལྟ་དགོས་པར་མ་ཟད། རྒྱལ་སྤྱིའི་རིམ་པའི་སེམས་ཁུར་ཆེན་པོ་ཞིག་ཏུའང་བརྩི་དགོས་ཟེར།
ཉིན་དེར་སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་མཱེ་ཁི་ཏཱ་ཏི་དང་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གཉིས་ཀྱིས་མིག་སྔའི་ས་ཁུལ་གྱི་གནས་བབ་ཐད་ནས་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཆོག་མཆན་མ་ཐོབ་པར་ཕྱི་རྒྱལ་གྱི་དམག་དཔུང་སི་རི་ཡཱའི་མངའ་ཁོངས་སུ་ཁྲིམས་འགལ་གྱིས་བཅའ་སྡོད་བྱས་པར་རྒོལ་གཏམ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།