པེད་ཏིན་གྱིས་དབྱི་སི་རལ་གྱིས་ལཱ་ཧྥ་རུ་དཔུང་འཇུག་མ་བྱས་གོང་མང་ཚོགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།
2024.02.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

དབྱི་སི་རལ་གྱི་འབྲེལ་ཡོད་མི་སྣ་དང་ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་བཅུ་གཅིག་ཉིན་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཁ་པར་གཏོང་སྐབས། དབྱི་སི་རལ་ཕྱོགས་ཀྱིས་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་དུ་ས་ངོས་འགུལ་སྐྱོད་མ་སྤེལ་གོང་། ས་དེའི་མང་ཚོགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།

དབྱི་སི་རལ་གྱི་སྲིད་གཞུང་གི་དཔོན་རིགས་ཤིག་གིས་ཚེས་བཅུ་གཅིག་ཉིན་གསར་འགོད་པར་བཤད་རྒྱུར། ནེ་ཐཱ་ནི་ཡཱ་ཧུའུ་དང་པེད་ཏིན་གྱིས་སྤྲོ་སྐྱིད་ལྡན་པའི་ངང་ཁ་པར་གྲོས་མོལ་བྱས་པ་དང་། གཙོ་བོ་བཀག་འཇུག་ཐེབས་པའི་དབྱི་སི་རལ་གྱི་མི་ཕྱིར་གཏོང་བའི་གནད་དོན་དང་དབྱི་སི་རལ་གྱི་ལཱ་ཧྥ་གྲོང་ཁྱེར་གྱི་དམག་དོན་འཆར་གཞིར་གྲོས་བསྡུར་བྱས་ཟེར།

གཞན་ཡང་ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས་བཅུ་གཅིག་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། པེད་ཏིན་གྱིས་ཁ་པར་གཏོང་སྐབས་ནེ་ཐཱ་ནི་ཡཱ་ཧུའུ་ལ་བསྟན་དོན། གལ་ཏེ་བློ་གཏོད་རུང་ཞིང་ལག་བསྟར་བྱས་ཆོག་པའི་འཆར་གཞི་ཞིག་གིས་ལཱ་ཧྥ་རུ་ཉེན་ཡོལ་བྱེད་པའི་མི་ས་ཡ་གཅིག་ཙམ་གྱི་བདེ་འཇགས་ལ་འགན་སྲུང་བྱེད་མི་ཐུབ་ཚེ། དབྱི་སི་རལ་གྱིས་ལཱ་ཧྥ་རུ་དམག་དོན་འགུལ་སྐྱོད་སྤེལ་མི་འོས་ཟེར། པེད་ཏིན་གྱིས་ད་རུང་བྲེལ་མྱུར་དང་བྱེ་བྲག་གི་བྱེད་ཐབས་སྤྱད་དེ། ཕཱ་ལེ་སི་ཐན་གྱི་མི་སེར་དཀྱུས་མའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཇེ་མང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་དགུ་ཉིན་དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་དང་བདེ་འཇགས་སྡེ་ཁག་གིས་ལཱ་ཧྥ་རུ་ས་ངོས་འགུལ་སྐྱོད་སྤེལ་བའི་འཆར་གཞི་གཏན་འབེབས་བྱེད་དགོས་པའི་རེ་བ་བཏོན། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་བཅུ་ཉིན་ཨ་མེ་རི་ཁའི་རྒྱང་སྒྲོག་ཀུང་ཟིའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། དབྱི་སི་རལ་ལཱ་ཧྥ་གྲོང་ཁྱེར་དུ་སོང་ནས་ས་ངོས་ཀྱི་འགུལ་སྐྱོད་མ་སྤེལ་ན་ཕམ་ཉེས་བྱུང་བའི་མཚོན་རྟགས་ཡིན་ཟེར། ཕཱ་ལེ་སི་ཐན་དབྱི་སི་རལ་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཚེས་བཅུ་གཅིག་ཉིན་བསྟན་དོན། དབྱི་སི་རལ་གྱིས་ལཱ་ཧྥ་གྲོང་ཁྱེར་དུ་ས་ངོས་འགུལ་སྐྱོད་སྤེལ་ན་བཀག་འཇུག་མི་སྣའི་བརྗེ་སྤོར་ལ་འབྲེལ་བའི་གྲོས་མཐུན་གང་རུང་གི་གྲོས་མོལ་ལ་གཏོར་བརླག་ཐེབས་པའི་མཚོན་རྟགས་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།