དབྱི་རག་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱིའི་མགྲིན་ཚབ་པ་ལཱ་སུའུ་ཨར་གྱིས་ཚེས་བཅུ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་རག་གིས་ཉིན་དེར་ཨ་མེ་རི་ཁ་གཙོ་བྱས་པའི་རྒྱལ་སྤྱིའི་མནའ་འབྲེལ་གྱི་མཐོ་རིམ་དམག་དོན་ཨུ་ཡོན་ལྷན་ཁང་གི་སྒྲོམ་གཞིའི་འོག་གྲོས་མོལ་ཐེངས་གཉིས་པ་སྤེལ་ནས། རྒྱལ་སྤྱིའི་མནའ་འབྲེལ་གྱི་དབྱི་རག་ཏུ་བཅའ་སྡོད་བྱེད་པའི་ལས་འགན་རིམ་བཞིན་ཇེ་ཉུང་དུ་བཏང་ནས་མཇུག་སྒྲིལ་བར་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས།
ལཱ་སུའུ་ཨར་གྱིས་གསལ་སྒྲོག་ནང་བཤད་རྒྱུར། དབྱི་རག་གི་མཐོ་རིམ་དམག་དོན་ཨུ་ཡོན་ལྷན་ཁང་གི་སྒྲོམ་གཞིའི་འོག་རྒྱལ་སྤྱིའི་མནའ་འབྲེལ་བར་གྱི་གྲོས་མོལ་སླར་གསོ་བྱས་ཏེ། དམག་དོན་གྱི་ད་ལྟའི་གནས་ཚུལ་དང་ད་ལྟའི་དུས་རིམ་གྱི་ཉེན་ཁའི་ཆུ་ཚད། འཐབ་འཁྲུག་གི་ཁོར་ཡུག དབྱི་རག་གི་དྲག་ཆས་དམག་དཔུང་གི་འཐབ་འཛིང་ནུས་པ་བཅས་ལ་དཔྱད་འཇོག་བྱེད་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་གྲོས་མོལ་གྱི་རྨང་གཞིའི་སྟེང་རྒྱལ་སྤྱིའི་མནའ་འབྲེལ་གྱི་དབྱི་རག་གི་ལས་འགན་རིམ་བཞིན་ཇེ་ཉུང་དུ་བཏང་ནས་མཇུག་སྒྲིལ་དུ་འཇུག་པར་དུས་ཚོད་རེའུ་མིག་གཏན་འཁེལ་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།