ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་བཅུ་གཉིས་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་བརྙན་རིས་ཀྱི་ཐབས་ལ་བརྟེན་ནས་དཔལ་འབྱོར་གནད་དོན་གྱི་གྲོས་ཚོགས་བསྡུ་སྐབས་བསྟན་དོན། ཉིས་སྟོང་ཉེར་གསུམ་ལོར་ཨུ་རུ་སི་རྒྱལ་ནང་གི་སྤྱིའི་ཐོན་རིན་བརྒྱ་ཆའི་གསུམ་དང་གྲངས་ཆུང་དྲུག་འཕར་ཡོད་ལ། དེའི་སྔོན་གྱི་སྔོན་དཔག་ལས་མཐོར་བ་ཡིན་ཟེར།
ཕུའུ་ཅིན་གྱིས་བཤད་རྒྱུར། གཞི་གྲངས་གསར་བ་ལྟར་ན། ཨུ་རུ་སིའི་ན་ནིང་གི་དཔལ་འབྱོར་འཕར་ཚད་འཛམ་གླིང་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་དང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་དེའི་སྔོན་ཚོད་དཔག་བྱས་པ་ལྟར་ན། ཉིས་སྟོང་ཉེར་གསུམ་ལོ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་ཚད་བརྒྱ་ཆའི་གསུམ་རེད་ཟེར།
ན་ནིང་ཟླ་བཅུ་གཉིས་པར། ཕུའུ་ཅིན་གྱིས་ལོ་ཧྲིལ་བོའི་རྩིས་བཤེར་བྱ་འགུལ་སྟེང་རྒྱལ་ཁབ་རང་གི་དཔལ་འབྱོར་འཕེལ་རྒྱས་གནས་བབ་ལ་སྤྱི་བསྡོམས་བྱེད་སྐབས་བསྟན་དོན། ཉིས་སྟོང་ཉེར་གསུམ་ལོར་ཨུ་རུ་སིའི་རྒྱལ་ནང་གི་སྤྱིའི་ཐོན་རིན་བརྒྱ་ཆའི་གསུམ་དང་གྲངས་ཆུང་ལྔ་འཕར་བ་དང་། ཉིས་སྟོང་ཉེར་གཉིས་ལོར་ཨུ་རུ་སིའི་རྒྱལ་ནང་གི་སྤྱིའི་ཐོན་རིན་བརྒྱ་ཆའི་གཉིས་དང་གྲངས་ཆུང་གཅིག་ཇེ་དམའ་རུ་སོང་ཡོད། ཨུ་རུ་སིའི་དཔལ་འབྱོར་འཕེལ་རྒྱས་པུའུ་ཡིས་ཚོད་དཔག་བྱས་པ་ལྟར་ན། ཉིས་སྟོང་ཉེར་བཞི་ལོའི་རྒྱལ་ནང་གི་སྤྱིའི་ཐོན་རིན་བརྒྱ་ཆའི་གཉིས་དང་གྲངས་ཆུང་གསུམ་འཕར་ངེས་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།