ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཡང་བསྐྱར་མཚོ་དམར་མཚོ་ཁོངས་ཀྱི་དངོས་སྐྱེལ་གྲུ་གཟིངས་ལ་འཇབ་རྒོལ་བྱས།
2024.02.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་ཚེས་བཅུ་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ཧུའུ་སེ་དྲག་ཆས་པས་མཚོ་དམར་མཚོ་ཁོངས་སུ་བགྲོད་པའི་ཨ་མེ་རི་ཁའི་གྲུ་གཟིངས་ཤིག་ལ་འཕུར་མདའ་འགའ་གཏོང་འཕེན་བྱས་པ་དང་། འཕུར་མདའ་དག་དམིགས་འབེན་ལ་ཕོག་ཡོད་ཟེར།

གསལ་སྒྲོག་ལས་འཇབ་རྒོལ་ཐེབས་པའི་གྲུ་གཟིངས་དེའི་མིང་ལ་འཇའ་ཚོན་རྟགས་ཅན་ཟེར་ཡང་། འཇབ་རྒོལ་བྱས་པའི་བྱེ་བྲག་གི་དུས་ཚོད་གསལ་བཤད་བྱས་མེད།

ཡོངས་བསྒྲགས་བྱས་པའི་སྐྱེལ་འདྲེན་གྲུ་གཟིངས་ཀྱི་རྒྱུ་ཆ་ལས་མངོན་པ་ལྟར་ན། འཇའ་ཚོན་རྟགས་ཅན་གྱི་གྲུ་གཟིངས་དེ་ནི་མཱ་ཧྲའོ་ཨར་གླིང་ཚོམས་རྒྱལ་ཁབ་ཀྱི་རྒྱལ་དར་བཀལ་བའི་སྣ་མང་དངོས་ཟོང་དྲུད་པའི་གྲུ་གཟིངས་ཤིག་ཡིན་པ་དང་། ཞི་ལཱའི་མཱ་ལི་ཝེ་ཨར་མཚོ་ཐོག་སྐྱེལ་འདྲེན་ཀུང་ཟིར་དབང་བ་རེད།

མིག་སྔར་ཨ་མེ་རི་ཁ་ཕྱོགས་དང་འབྲེལ་ཡོད་ཀྱི་ཀུང་ཟིས་འཇབ་རྒོལ་ཐེབས་པའི་དོན་རྐྱེན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།

དབྱིན་ཇིའི་མཚོ་ཐོག་བདེ་སྲུང་ཀུང་ཟི་ཨན་པུའུ་ལི་ཡིས་ཚེས་བཅུ་གཉིས་ཉིན་ཉེན་བརྡ་བཏང་སྟེ། མཱ་ཧྲའོ་ཨར་གླིང་ཚོམས་རྒྱལ་ཁབ་ཀྱི་རྒྱལ་དར་བཀལ་ཞིང་ཞི་ལཱའི་ཀུང་ཟིར་དབང་བའི་སྣ་མང་དངོས་ཟོང་དྲུད་པའི་གྲུ་གཟིངས་ཤིག་ལ་མཚོ་དམར་ལྷོ་ངོས་ཀྱི་མན་ཏི་མཚོ་འགག་ཉེ་འདབས་སུ་འཕུར་མདའ་གཉིས་ཀྱི་འཇབ་རྒོལ་ཐེབས་ནས་གྲུ་གཟིངས་ཀྱི་གཡས་ཕྱོགས་སུ་གཏོར་བརླག་ཐེབས་ཀྱང་མི་སྣར་ཤི་རྨས་ཐེབས་མེད་ཟེར། ཡིན་ཡང་ཉེན་བརྡ་དེ་ལས་གྲུ་གཟིངས་དེ་དང་དེའི་ཚོང་གཉེར་ཀུང་ཟིའི་མིང་གསལ་བོར་བརྗོད་མེད། ཨན་པུའུ་ལི་ཀུང་ཟི་ཡིས་བལྟས་ན། གྲུ་གཟིངས་དེ་དབང་བའི་ཞི་ལཱའི་ཀུང་ཟི་དེ་ཨ་མེ་རི་ཁའི་ནཱ་སི་ཏཱ་ཁི་ཉོ་ཚོང་ཁང་ནས་ཚོང་རར་བུད་པ་ཡིན་པས། དེ་ནི་གྲུ་གཟིངས་དེར་འཇབ་རྒོལ་ཐེབས་པའི་རྒྱུ་རྐྱེན་ཡིན་སྲིད་པར་འདོད།


བསོད་ནམས་ཚེ་རིང་གིས་བསྒྱུར།