ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་ཚེས་བཅུ་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། དབྱིན་ཇི་ཕྱོགས་ཀྱིས་ཨུ་རུ་སིར་རྒོལ་བའི་སྲིད་ཇུས་ལག་བསྟར་བྱས་པའི་ལན་དུ། ཨུ་རུ་སི་ཡིས་དབྱིན་ཇིའི་སྤྱི་དམངས་བཅོ་བརྒྱད་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་ནས། དེ་དག་ཨུ་རུ་སིའི་མངའ་ཁོངས་སུ་ཡོང་བར་གཏན་འགོག་བྱེད་རྒྱུ་ཐག་བཅད་པ་ཡིན་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དབྱིན་ཇི་ཕྱོགས་ཀྱིས་བསྟུད་མར་ཨུ་རུ་སི་བདུད་འདྲེ་ཅན་དུ་བསྒྱུར་བའི་ངོ་རྒོལ་རང་བཞིན་གྱི་སྲིད་ཇུས་ལག་བསྟར་བྱས་པ་དང་། ཨུ་རུ་སིར་ངོ་རྒོལ་བྱེད་པའི་གཏམ་རྒྱུད་རྫུན་བཟོ་བྱས་ཏེ་ཨུ་རུ་སིའི་རྒྱལ་སྤྱིའི་གར་སྟེགས་ཀྱི་ཤུགས་རྐྱེན་ཇེ་ཆུང་དུ་ཡོད་ལ། བསྟུད་མར་ཝུའུ་ཁི་ལན་ལ་མཚོན་ཆ་འདོན་སྤྲོད་བྱེད་བཞིན་ཡོད། གོང་གི་བྱ་སྤྱོད་དེ་རིགས་ལ་རྒོལ་ལན་སྤྲོད་ཆེད། ཨུ་རུ་སི་ཡིས་དབྱིན་ཇིའི་དམག་སྲིད་མཐོ་རིམ་མགོ་ཁྲིད་པ་དང་ཚན་རིག་ཞིབ་འཇུག་མི་སྣ་བཅོ་བརྒྱད་ཨུ་རུ་སིའི་མངའ་ཁོངས་སུ་ཡོང་བར་གཏན་འགོག་བྱེད་པའི་མིང་ཐོའི་ཁྲོད་འཇོག་རྒྱུ་ཐག་བཅད་པ་ཡིན་ཟེར།
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་ཁྱབ་བསྒྲགས་བྱས་པའི་མིང་ཐོ་ལྟར་ན། ཨུ་རུ་སིའི་མངའ་ཁོངས་སུ་ཡོང་བར་གཏན་འགོག་བྱས་པའི་མི་སྣའི་གྲས་སུ་དབྱིན་ཇིའི་རྒྱལ་སྲུང་པུའུ་ཡི་རྒྱལ་སྲིད་བློན་ཆེན་གཞོན་པ་ཁཱ་ཐི་ལེ་ཆི་དང་། དབྱིན་ཇིའི་རྒྱལ་སྲུང་པུའུ་ཡི་ཇུས་འདོན་དཔོན་པོ་གཞོན་པ་བོ་ཁི། ཉིག་ཅིན་སློབ་ཆེན་དང་ཅན་ཆའོ་སློབ་ཆེན་གྱི་ལས་བྱེད་མི་སྣ་ཚོགས་འདུས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།