ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོའི་ཕྱི་འབྲེལ་གཞུང་ཚབ་ཁང་གིས་བྱ་འགུལ་སྣ་ཚོགས་སྤེལ་ནས་ལུགས་རྙིང་གི་འབྲུག་གི་ལོ་སར་ལ་མཉམ་དུ་དགའ་སྟོན་རྟེན་འབྲེལ་ཞུས།
2024.02.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

བསྟུད་མར་ཉིན་འགའི་རིང་ལ། ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོའི་ཕྱི་འབྲེལ་འཐུས་ཚབ་ཚོགས་པ་དང་། གཞུང་ཚབ་ཁང་གིས་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུ་སོགས་བྱ་འགུལ་སྣ་མང་ཕུན་སུམ་ཚོགས་པ་སྤེལ་ནས། ལུགས་རྙིང་གི་འབྲུག་གི་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུས།

ཨ་ཧྥེ་རི་ཁ་མནའ་འབྲེལ་དུ་སྡོད་པའི་ཀྲུང་གོའི་ཕྱི་འབྲེལ་འཐུས་ཚབ་ཚོགས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་གླིང་གི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ཉེ་སྔོན་མཉམ་དུ་སྤྲོ་སྐྱིད་ལྡན་པའི་ལུགས་རྙིང་ལོ་སར་ལ་རོལ་བའི་བྱ་འགུལ་སྤེལ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱི་འཐུས་མི་དང་། རྒྱལ་ཁབ་མང་བོའི་གཞུང་ཚབ་པ་སོགས་ལས་རིགས་སོ་སོའི་སྐུ་མགྲོན་དག་ལྷན་དུ་འཛོམས་ནས། མཉམ་དུ་ཡིག་གཟུགས་དང་ཤོག་དྲས། ཇའི་སྒྱུ་རྩལ་སོགས་ཀྲུང་གོའི་རིག་གནས་ལ་རོལ་མྱོང་བྱེད་པའི་བྱ་འགུལ་སྤེལ།

ཡོ་ནན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་དྲོད་སྐྱིད་ཀྱི་དཔྱིད་གསར་བསུ། ཀྲུང་གོའི་ལོ་སར་ལ་མཉམ་དུ་དགའ་སྟོན་རྟེན་འབྲེལ་ཞུ་ཞེས་པའི་བྱ་འགུལ་སྤེལ་བ་དང་། ཡོ་ནན་དུ་ཡོད་པའི་ཀྲུང་གོ་བ་དང་ཕྱི་འགྲིམ་སློབ་མའི་འཐུས་མི་སོགས་ལས་རིགས་སོ་སོའི་མི་སྣས་མཉམ་དུ་ལུགས་རྙིང་ལོ་སར་ལ་རོལ།

ཧྥ་རན་སི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་སྤེལ་བའི་ལོ་སར་གྱི་སྣེ་ལེན་ཚོགས་འདུའི་སྟེང་། ཧྥ་རན་སི་རུ་གནས་སྐོར་བྱེད་པའི་ཀྲུང་གོ་བ་དང་། སྒྱུ་རྩལ་པ་སོགས་ཀྱིས་ཀྲུང་ཕྱིའི་གླུ་གཞས་གྲགས་ཆེན་དང་མཉམ་ལེན་འཁྲབ་སྟོན་སོགས་ངོ་མཚར་བའི་ལེ་ཚན་འཁྲབ་སྟོན་བྱས་ཏེ། ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བ་དང་ཤིང་ཕོ་འབྲུག་གི་ལུགས་རྙིང་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུས།

ཧྥེ་ཅི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ལུགས་རྙིང་ལོ་སར་གྱི་སྤྲོ་སྐྱིད་དགོང་ཚོགས་སྤེལ་བ་དང་། འབྲུག་སེང་འཁྲབ་སྟོན་དང་ས་དེའི་སྲོལ་རྒྱུན་གྱི་ཞབས་བྲོ་སོགས་ལེ་ཚན་འཁྲབ་སྟོན་བྱས་ཏེ་རིག་གནས་མི་འདྲ་བ་མཉམ་འདྲེས་བྱས་པའི་འགུག་ཤུགས་མངོན་པར་བྱས་ཡོད།

ཁོ་ལོམ་པུ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་ལུགས་རྙིང་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་ཁྲོད། སྐུ་མགྲོན་དག་གིས་ཀྲུང་གོའི་ཁྱད་ལྡན་བཟའ་བཏུང་གི་བྲོ་བ་མྱངས་པ་དང་། འབྲུག་སེང་གི་འཁྲབ་སྟོན་ལ་བལྟས་ནས་དུས་སྟོན་ལ་མཉམ་དུ་རོལ།

ཝེ་ནེ་ཙུའེ་ལཱ་དང་ཁཱ་ནཱ་ཏཱ། ཅོར་ཏན། ཨ་ཧྥུའུ་ཧན། སུའེ་ཏེན། ཙམ་པུ་ཡཱ། ལི་པུ་ལི་ཡཱ་སོགས་རྒྱལ་ཁབ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྱང་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུ་ཚོགས་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྤེལ་བ་དང་། ལས་རིགས་སོ་སོའི་མི་སྣ་དང་མཉམ་དུ་མཛའ་བརྩེ་གླེང་བར་མ་ཟད། ཀྲུང་གོའི་འབྲུག་གི་ལོ་སར་ལ་མཉམ་དུ་དགའ་སྟོན་རྟེན་འབྲེལ་ཞུས།


བསོད་ནམས་ཚེ་རིང་གིས་བསྒྱུར།