དབྱི་སི་རལ་གྱིས་བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་བའི་ཐད་ནས་ཕྱོགས་མང་བོའི་བར་གྲོས་མོལ་བྱེད་རྒྱུའི་ཚུལ་བསྟན།
2024.02.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་བཅུ་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་ཕྱོགས་ཀྱིས་ཉིན་དེར་འཐུས་ཚབ་ཚོགས་པ་མངག་ནས་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་རུ་སོང་ནས། བཀག་འཇུག་ཐེབས་པའི་དབྱི་སི་རལ་གྱི་མི་སྣ་ཕྱིར་གཏོང་བའི་གནད་དོན་ཐད་ནས་ཕྱོགས་མང་བོའི་བར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་འཐུས་ཚབ་ཚོགས་པར་གསང་འཕྲིན་དང་མའོ་སཱ་ཏི་ཅུའུ་ཡི་ཅུའུ་ཀྲང་པཱ་ཨར་ནེ་ཡཱ་ཡིས་སྣེ་ཁྲིད་རྒྱུ་ཡིན་པ་དང་། ཨ་མེ་རི་ཁའི་ཀྲུང་དབྱང་གསང་འཕྲིན་ཅུའུ་ཡི་ཅུའུ་ཀྲང་པའོ་ཨིན་སི་དང་། ཁཱ་ཐར་གྱི་དབུ་བཞུགས་བློན་ཆེན་མུའུ་ཧན་མའོ་ཏི། ཨེ་ཅིབ་ཀྱི་གསང་འཕྲིན་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ཁཱ་མེད་ལེ་བཅས་ཨེ་ཅིབ་ནས་སྤེལ་རྒྱུ་ཡིན་པའི་གྲོས་མོལ་ལ་ཞུགས་རྒྱུ་རེད་ཟེར།

དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་བཅུ་གསུམ་ཉིན་འཐབ་འཁྲུག་གི་གནས་ཚུལ་སྙན་ཞུ་བྱས་ཏེ་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བཅུ་གཉིས་ཉིན་མུ་མཐུད་དུ་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་དང་། ས་ཁུལ་དེ་ནས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་དྲག་ཆས་མི་སྣ་སུམ་ཅུ་ལྷག་བསད་ཡོད་ལ། ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་དབུས་ཕྱོགས་ས་ཁུལ་ནས་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་བཅུ་ཙམ་བསད་ཡོད་ཟེར།

གཞན་ཡང་དབྱི་སི་རལ་གྱི་ས་གནས་རང་གི་གྲབས་སྲུང་དམག་སྤྱི་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་དང་ཅཱ་ཧྲའི་མཐའ་མཚམས་ས་ཁུལ་དུ་ཚེས་བཅུ་གསུམ་ཉིན་ཡང་བསྐྱར་ཅཱ་ཧྲ་ས་ཁུལ་ནས་གཏོང་འཕེན་བྱས་པའི་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་ཡོད་ཟེར།

ཕཱ་ལེ་སི་ཐན་གྱི་ཅཱ་ཧྲའི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། འདས་པའི་ཉིན་གཅིག་གི་ནང་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་ལས་མི་བརྒྱ་དང་སོ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་རེ་གཉིས་ལ་རྨས་ཕོག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།