དབྱི་རག་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མཐོ་རིམ་མགོ་བ་ཞིག་འཛིན་བཟུང་བྱས།
2024.02.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

དབྱི་རག་འཇིགས་སྐུལ་ངོ་རྒོལ་སྡེ་ཁག་གིས་ཚེས་བཅུ་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཉིན་དེར་དཔང་ཡིག་རྫུན་མ་བཟུང་ནས་དབྱི་རག་གི་མངའ་ཁོངས་སུ་ཡོང་རྩིས་བྱེད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མཐོ་རིམ་མགོ་བ་ཞིག་འཛིན་བཟུང་བྱས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་རག་གི་འཇིགས་སྐུལ་ངོ་རྒོལ་སྡེ་ཁག་གིས་མུ་མཐུད་དུ་འགུལ་སྐྱོད་སྤེལ་ནས། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དབྱི་རག་གི་ལྷག་འཕྲོའི་སྟོབས་ཤུགས་ཆམ་ཕབ་བཏང་ནས་རྨེག་མེད་དུ་བཏང་སྟེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། གསལ་སྒྲོག་ལས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མཐོ་རིམ་མགོ་བ་དེའི་མིང་དང་འཛིན་བཟུང་བྱེད་སའི་བྱེ་བྲག་གི་ས་གནས་སོགས་གསལ་བོར་བསྒྲགས་མེད།

དབྱི་རག་བདེ་འཇགས་སྡེ་ཁག་གི་འབྲེལ་ཡོད་མི་སྣས་བསྟན་དོན། དབྱི་རག་གི་འབྲེལ་ཡོད་སྡེ་ཁག་གིས་སྔ་མོ་ནས་མི་དེ་དབྱི་རག་ཏུ་ཡོང་ནས་འཇིགས་སྐུལ་བྱ་འགུལ་སྤེལ་རྩིས་ཡོད་པའི་གསང་འཕྲིན་རྒྱུས་ལོན་བྱུང་ཡོད་པ་དང་། མི་དེ་མངའ་ཁོངས་སུ་ཡོང་སྐབས་འཛིན་བཟུང་བྱས་པ་རེད་ཟེར། དབྱི་རག་བདེ་འཇགས་སྡེ་ཁག་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་དབྱི་རག་གི་བདེ་འཇགས་དང་གཏན་འཇགས་ལ་གཏོར་བརླག་གཏོང་བའི་གཡོ་ཇུས་གང་རུང་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།