ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་མང་བོས་བྱ་འགུལ་སྣ་ཚོགས་སྤེལ་ནས་ལུགས་རྙིང་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུས།
2024.02.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

བསྟུད་མར་ཉིན་འགའི་རིང་ལ། ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པ་དང་གཞུང་ཚབ་ཁང་གིས་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུ་སོགས་བྱ་འགུལ་སྣ་ཚོགས་སྤེལ་ནས། ལུགས་རྙིང་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུས་པ་དང་། བརྗེ་རེས་དང་མཉམ་ལས་ལ་མཉམ་དུ་གྲོས་བསྡུར་བྱས།

ཉེ་སྔོན་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པས་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མི་གཞུང་བརྗེ་རེས་ལོའི་བྱ་འགུལ་མགོ་བརྩམས་པ་དང་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུ་བསྡུས། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་རྒྱུན་སྡོད་འཐུས་མི་སོགས་ལས་རིགས་སོ་སོའི་སྐུ་མགྲོན་དག་བྱ་འགུལ་ལ་ཞུགས། སྐུ་མགྲོན་དག་གིས་ཀྲུང་གོའི་རིག་གནས་ཉམས་སུ་མྱངས་པ་དང་། ཕན་ཚུན་ལ་ལོ་སར་གྱི་སྨོན་འདུན་ཞུས།

ལའོ་ཝའོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་སྤེལ་བའི་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུའི་སྟེང་། ཕྱི་སྡོད་རང་མི་དང་ཀྲུང་གོའི་དངུལ་གཏོང་ལས་ཁུངས་ཀྱི་འཐུས་མི་སོགས་ལྷན་དུ་འཛོམས་ནས། མཉམ་དུ་ཀྲུང་གོ་དང་ལའོ་ཝའོ་རྒྱལ་ཁབ་གཉིས་དར་ཞིང་རྒྱས་པ་དང་། མི་དམངས་བདེ་སྐྱིད་བདེ་ཐང་ཡོང་བའི་སྨོན་འདུན་ཞུས།

ནི་ཁཱ་ར་ཀྭ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་སྤེལ་བའི་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུའི་སྟེང་། ནི་ཁཱ་ར་ཀྭའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་དང་། ནོར་སྲིད་པུའུ་ཡི་པུའུ་ཀྲང་སོགས་སྲིད་གཞུང་གི་དཔོན་རིགས་དང་ལས་རིགས་སོ་སོའི་འཐུས་མི་བྱ་འགུལ་ལ་ཞུགས་ཡོད་ལ། ཡུལ་དངོས་སུ་སྤྲོ་སྐྱིད་དང་མཛའ་མཐུན་གྱི་རྣམ་པས་ཁེངས་ཡོད།

འཁྱག་གླིང་གི་རྒྱལ་ས་ལོས་ཁི་ཡཱ་ཝེ་ཁི་ཧཱ་ཕཱ་རོལ་དབྱངས་ཁང་ཕྱི་གྱང་ངོས་སུ་ཀྲུང་གོའི་མཚོན་རྟགས་ཀྱི་རི་མོ་རྣམ་པར་བཀྲ་ཞིང་། འཁྱག་གླིང་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་སྤེལ་བའི་དྲོད་ཁོལ་ལྡན་པའི་དཔྱིད་གསར་བསུ། ཀྲུང་གོའི་ལོ་སར་མཉམ་དུ་རོལ་ཞེས་པའི་ཉིས་སྟོང་ཉེར་བཞི་ལོའི་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུ་དང་སྤྲོ་དགའི་ལོ་སར་གྱི་ཆེད་དོན་ཟློས་གར་འཁྲབ་སྟོན་གཟབ་རྒྱས་ངང་མགོ་བརྩམས་པ་དང་། ལས་རིགས་སོ་སོའི་འཐུས་མི་སྟོང་གཅིག་ཙམ་གྱིས་འཁྲབ་སྟོན་ལ་བལྟས་པར་མ་ཟད། མཉམ་དུ་འགུག་ཤུགས་ལྡན་པའི་ཀྲུང་གོའི་ལོ་སར་ལ་མྱོང་རོལ་བྱས།

ཙེམ་པབ་ཝེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་སྤེལ་བའི་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུའི་སྟེང་། ཧྲའོ་ལིན་དྲག་རྩལ་དང་སྲོལ་རྒྱུན་གྱི་ཞབས་བྲོ་སོགས་ངོ་མཚར་བའི་ལེ་ཚན་སྣ་ཚོགས་འཁྲབ་སྟོན་བྱས། ཙེམ་པབ་ཝེའི་སྲིད་གཞུང་གི་དཔོན་རིགས་སོགས་ལས་རིགས་སོ་སོའི་མཛའ་མཐུན་མི་སྣས་མཉམ་དུ་ཤིང་ཕོ་འབྲུག་ལོའི་ལོ་སར་བསུས་པ་དང་། སྲོལ་རྒྱུན་གྱི་མཛའ་བརྩེ་རྒྱུན་འཛིན་བྱས།

མཱ་ལེ་ཞི་ཡཱ་དང་ཧན་གོ། མར་ཐཱ། ཏན་མག པའོ་ཚི་ཝ་ནཱ། སུའུ་ཏན་ལྷོ་མ་སོགས་སུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྱང་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུ་སོགས་བྱ་འགུལ་སྤེལ་བ་དང་། ལས་རིག་སོ་སོའི་མཛའ་མཐུན་གྲོགས་པོ་ལྷན་དུ་འཛོམས་ནས་འབྲུག་གི་ལོ་ལ་ཞི་བདེ་དང་དར་རྒྱས་ཡོང་བར་མཉམ་དུ་སྨོན་འདུན་ཞུས།


བསོད་ནམས་ཚེ་རིང་གིས་བསྒྱུར།