ཨུ་རུ་སི་ཡིས་ཨེ་སོ་ནི་ཡཱའི་ཙུང་ལི་སོགས་ཕྱི་རྒྱལ་གྱི་དཔོན་རིགས་འཛིན་བཟུང་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
2024.02.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 60

ཐཱ་སི་གསར་འགྱུར་ཁང་གིས་ཚེས་བཅུ་གསུམ་ཉིན་ཨུ་རུ་སིའི་ནང་སྲིད་པུའུ་ཡི་གཞི་གྲངས་མཛོད་ཀྱི་བརྡ་འཕྲིན་དྲངས་ནས་བསྒྲགས་པ་ལྟར་ན། སུའུ་ལེན་དམག་གི་རྗེས་དྲན་རྡོ་རིང་ལ་གཏོར་བཤིག་བཏང་བའི་དབང་གིས་ཨེ་སོ་ནི་ཡཱའི་ཙུང་ལི་ཁཱ་ཡཱ་ཁཱ་ལཱ་སི་དང་རྒྱལ་སྲིད་དྲུང་ཡིག་ཐེ་མཱ་ཨར་ཕིས་ཏི་ཁི་ཕུའུ་གཉིས་ཨུ་རུ་སིའི་ཕྱོགས་ཀྱིས་འཛིན་བཟུང་བྱེད་རྒྱུ་ཡིན་ཟེར།

བསྒྲགས་པ་ལྟར་ན། ཨེ་སོ་ནི་ཡཱའི་ཙུང་ལི་ཁཱ་ཡཱ་ཁཱ་ལཱ་སི་དང་རྒྱལ་སྲིད་དྲུང་ཡིག་ཐེ་མཱ་ཨར་ཕིས་ཏི་ཁི་ཕུའུ་གཉིས་ཀྱིས་སུའུ་ལེན་དམག་མིའི་རྗེས་དྲན་རྡོ་རིང་ལ་གཏོར་བཤིག་བཏང་བའི་དོན་དེ་གྱོད་དོན་ཐོ་འགོད་བྱས་ཡོད་པ་དང་། དེའི་ཞོར་དུ་གོང་གི་མི་དེ་གཉིས་ཨུ་རུ་སིའི་ཕྱོགས་ཀྱིས་འཛིན་བཟུང་བྱེད་པའི་མིང་ཐོའི་ནང་བཞག་ཡོད་ཟེར།

དེ་ལས་གཞན་ཨུ་རུ་སིའི་ནང་སྲིད་པུའུ་ཡིས་ཉིན་དེར་ད་རུང་གསལ་སྒྲོག་སྤེལ་ཏེ། རྒྱུ་མཚན་གོང་དང་འདྲ་བར་ལི་ཐའོ་ཝན་གྱི་རིག་གནས་པུའུ་ཀྲང་ཞི་མིན་ནཱ་སི་ཁའེ་ལི་སི་ཡང་འཛིན་བཟུང་བྱེད་པའི་མིང་ཐོའི་ནང་བཞག་ཡོད་ཟེར།

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་བཅུ་གསུམ་ཉིན་སྨྱན་བྱད་ལ་བསྟན་དོན། ལོ་རྒྱུས་ཀྱི་དྲན་འཛིན་ལ་རྡོག་བརྫིས་བཏང་བ་དང་ཨུ་རུ་སིར་དགྲར་འཛིན་གྱི་བྱ་སྤྱོད་སྤེལ་བ་ནི་གོང་གི་དཔོན་རིགས་དག་འཛིན་བཟུང་བྱེད་པའི་རྒྱུ་རྐྱེན་ཡིན་ཟེར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཀྱང་ཉིན་དེར་དྲ་ཚིགས་བརྒྱུད་དེ་སྨྱན་བྱད་ལ་བསྟན་དོན། དཔོན་རིགས་དེ་དག་གིས་ངེས་པར་དུ་རྗེས་དྲན་རྡོ་རིང་གཏོར་བཤིག་བཏང་བའི་ནག་ཉེས་ལ་འགན་ཁུར་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།