ཨེ་ཅིབ་སྨྱན་བྱད་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་གྲུབ་འབྲས་བཟང་བོ་ཐོབ་ཡོད་པའི་ཚུལ་བསྟན།
2024.02.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཨེ་ཅིབ་ཀྱི་ཁེ་རོ་གསར་འགྱུར་བརྙན་འཕྲིན་ཁང་གིས་ཚེས་བཅུ་གསུམ་ཉིན་བསྒྲགས་པ་ལྟར་ན། ཉིན་དེར་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་བསྡུས་པའི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་གྲུབ་འབྲས་བཟང་བོ་ཐོབ་ཡོད་ཟེར།

བསྒྲགས་པ་ལྟར་ན། ཨེ་ཅིབ་གསང་འཕྲིན་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ཁཱ་མེད་ལེ་དང་། ཨ་མེ་རི་ཁའི་ཀྲུང་དབྱང་གསང་འཕྲིན་ཅུའུ་ཡི་ཅུའུ་ཀྲང་པའོ་ཨིན་སི། ཁཱ་ཐར་གྱི་དབུ་བཞུགས་བློན་ཆེན་མུའུ་ཧན་མའོ་ཏི། དབྱི་སི་རལ་གསང་འཕྲིན་དང་མའོ་སཱ་ཏི་ཅུའུ་ཡི་ཅུའུ་ཀྲང་པཱ་ཨར་ནེ་ཡཱ་བཅས་ཀྱིས་ཉིན་དེར་ཁེ་རོ་ནས་གྲོས་མོལ་བྱས་པ་དང་། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་དང་། བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་བའི་གནད་དོན་ཐད་ནས་གྲོས་མོལ་བྱས། ཨེ་ཅིབ་ཀྱི་འབྲེལ་ཡོད་མི་སྣ་ཞིག་གིས་བཤད་པ་ལྟར་ན། གྲོས་མོལ་དེ་ཉིན་གསུམ་རིང་སྤེལ་རྒྱུ་རེད་ཟེར།

གཞན་ཡང་ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅུ་གསུམ་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཉིན་དེར་ཁེ་རོ་ནས་སོ་སོར་པའོ་ཨིན་སི་དང་མུའུ་ཧན་མའོ་ཏི་ལ་ཐུག་འཕྲད་བྱེད་སྐབས། ཕྱོགས་སོ་སོས་ཧུར་ཐག་སྒོས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པ་དང་ཅཱ་ཧྲ་ས་ཁུལ་གྱི་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པའི་སྐུལ་མ་གཏོང་དགོས་ཟེར། པའོ་ཨིན་སི་ཡིས་གྲོས་མོལ་བྱེད་སྐབས་ཨེ་ཅིབ་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་འབད་བརྩོན་ལྷོད་མེད་བྱས་པར་གཟེངས་བསྟོད་བྱེད་པའི་ཚུལ་བསྟན། ཕྱོགས་གཉིས་ཀྱིས་གྲོས་མོལ་དང་མཐུན་སྦྱོར་སྲུང་འཛིན་བྱས་ཏེ། འཁྲུག་རྩོད་མཚམས་འཇོག་པ་དང་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པ་མངོན་འགྱུར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབས་བྱེད་པར་ཡིད་འཐད་བྱུང་། སེ་ཞི་ཡིས་མུའུ་ཧན་མའོ་ཏི་དང་གྲོས་མོལ་བྱེད་སྐབས་ཉེན་བརྡའི་ཚུལ་དུ་བཤད་རྒྱུར། ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་གྱི་དམག་དོན་འགུལ་སྐྱོད་ཛ་དྲག་ཏུ་གྱུར་བར་ཉེན་ཁ་ཧ་ཅང་ཆེ་བ་དང་། དེ་ལས་ས་དེའི་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་ཇེ་ཆེར་གཏོང་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།