མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་གསུམ་ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧུར་ཐག་སྒོས་ནམ་ཟླའི་རྙོག་འཛིང་དང་འཁྲུག་རྩོད་ལས་བྱུང་བའི་འབྲུ་རིགས་བདེ་འཇགས་མིན་པའི་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། འཚོ་སྡོད་དུ་འཚམ་ཞིང་རྒྱུན་མཐུད་ལྡན་ལ། ལྟོགས་སྐོམ་དང་འཐབ་འཁྲུག་གི་གནོད་འཚེ་མེད་པའི་མ་འོངས་པ་ཞིག་གསར་བསྐྲུན་བྱེད་པར་འབད་འབུངས་བྱེད་དགོས་པའི་སྐུལ་མ་བཏང་།
ཀུའུ་ཐི་ལོས་སི་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ནམ་ཟླ་དང་། འབྲུ་རིགས། བདེ་འཇགས་བཅས་ཀྱི་མཐོ་རིམ་ཡོངས་བསྒྲགས་བགྲོ་གླེང་ཚོགས་འདུའི་སྟེང་བསྟན་དོན། འཛམ་གླིང་ཡོངས་ཀྱི་འབྲུ་རིགས་ཉམས་ཉེན་ལས་འཛམ་གླིང་སྟེང་ཆེས་དབུལ་ཕོངས་ཡིན་པའི་མི་ཚོགས་ལ་ལྟོགས་སྡུག་གི་མནར་གཅོད་མྱོང་དུ་འཇུག་བཞིན་ཡོད་པ་དང་། ནམ་ཟླ་དང་འཁྲུག་རྩོད་གནད་དོན་ནི་ཉིས་སྟོང་ཉེར་གཉིས་ལོར་མི་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་བཞི་ཙམ་འབྲུ་རིགས་བདེ་འཇགས་མིན་པའི་གནས་སུ་སྐྱེལ་བའི་རྒྱུ་རྐྱེན་གཙོ་བོ་ཡིན་ཟེར།
ཀུའུ་ཐི་ལོས་སི་ཡིས་སི་རི་ཡཱ་དང་ཅཱ་ཧྲ་ས་ཁུལ། ཧེ་ཐི། ཨེ་ཙེ་ཨོ་ཕི་ཡཱ་སོགས་ལ་ཆགས་བཞག་ན། ས་ཁུལ་དེ་དག་ཏུ་ནམ་ཟླ་དང་འཁྲུག་རྩོད་གནད་དོན་ལས་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཚབས་ཆེན་འབྱུང་དུ་བཅུག་ཡོད་ཟེར། ཁོས་བྱེད་ཐབས་སྤྱད་དེ་གོང་གི་འཇིགས་ཉེན་དེ་དག་ཞི་འཇགས་སུ་གཏོང་དགོས་པའི་སྐུལ་མ་བཏང་། དེའི་ནང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་བརྩི་སྲུང་བྱེད་པ་དང་། མི་ཆོས་རིང་ལུགས་འགུལ་སྐྱོད་ལ་རོགས་སྐྱོར་འདོན་སྤྲོད་བྱེད་པ། ནམ་ཟླའི་འགུལ་སྐྱོད་སྤེལ་བ། དེ་མིན་དམིགས་སའི་རང་བཞིན་ལྡན་པའི་ནོར་སྲིད་ཐེ་གཏོགས་བྱེད་ཐབས་སྤྱོད་པ་སོགས་འདུས་ཡོད།
ཀུའུ་ཐི་ལོས་སི་ཡིས་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ན། ལྟོགས་སྡུག་དང་ནམ་ཟླའི་རྙོག་འཛིང་། འཁྲུག་རྩོད་བཅས་ལས་གྲུབ་པའི་ཤི་མདུད་དེ་གྲོལ་ཐུབ་པར་མ་ཟད། དེ་དག་ལས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ཐད་ཀྱི་འཇིགས་ཉེན་ཀྱང་མེད་པར་བཟོ་ཐུབ་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།