ཧན་གོའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་བཞི་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཧན་གོ་དང་ཁུ་པཱ་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་སུ་སྡོད་པའི་འཐུས་མིའི་ཁྲུའུ་ཡིས་ཉིན་དེར་ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར་ནས་ཡིག་ཆ་བརྗེ་སྤོར་བྱས་ཏེ། གཞུང་ཚབ་རིམ་པའི་ཕྱི་ཕྱོགས་འབྲེལ་བ་འཛུགས་རྒྱུ་ཐག་བཅད་ཟེར།
ཧན་གོའི་ཕྱི་འབྲེལ་པུའུ་ཡིས་བཤད་རྒྱུར། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པ་ནི་ཧན་གོས་མེ་གླིང་དབུས་ལྷོའི་ཕྱི་འབྲེལ་ལ་ཤུགས་སྣོན་པའི་དཀྱོགས་མཚམས་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་རྒྱ་བསྐྱེད་པ་དང་ཧན་གོའི་ཁེ་ལས་ཁུ་པཱ་རུ་བསྐྱོད་པར་རོགས་འདེགས་བྱེད་པར་རྨང་གཞི་བཏིང་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་ངོ་བོ་རང་བཞིན་ལྡན་པའི་མཉམ་ལས་རྒྱ་བསྐྱེད་པར་བྱས་རྗེས་འཇོག་ཐུབ། ཧན་གོའི་སྲིད་གཞུང་གིས་ཁུ་པཱ་སྲིད་གཞུང་བར་རྒྱུན་སྡོད་ཕྱི་འབྲེལ་ལས་ཁུངས་འཛུགས་པ་སོགས་རྗེས་མཐུད་ཀྱི་བྱེད་ཐབས་ཐད་ནས་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།
ཉིན་དེར་ཁུ་པཱའི་ཕྱི་འབྲེལ་པུའུ་ཡིས་སྤྱི་སྒྲོག་སྤེལ་ཏེ་ཁྱབ་བསྒྲགས་བྱས་དོན། ཁུ་པཱ་དང་ཧན་གོས་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་ཚབ་ཚོགས་པས་ཕྱི་འབྲེལ་ཡིག་ཆ་བརྗེ་སྤོར་བྱས་ནས། ཕྱི་འབྲེལ་དང་གཞུང་ཚབ་ཁང་གི་འབྲེལ་བ་བཙུགས་ཟེར། སྤྱི་སྒྲོག་ལས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་རྩ་དོན་དང་རྒྱལ་སྤྱིའི་བཅའ་ཁྲིམས། ཝེ་ཡེ་ནཱའི་ཕྱི་ཕྱོགས་འབྲེལ་བའི་སྤྱི་ཆིངས་བཅས་ཀྱི་གཏན་འཁེལ་དང་འཚམ་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།