ཧྥ་རན་སིའི་ཙུང་ཐུང་གིས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་འགུལ་སྐྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
2024.02.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་བཅུ་བཞི་ཉིན་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཁ་པར་བཏང་སྟེ། དབྱི་སི་རལ་ཕྱོགས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་འགུལ་སྐྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབས་བྱེད་པའི་དགོས་གལ་རང་བཞིན་ནན་བཤད་བྱས།

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅུ་བཞི་ཉིན་སྤེལ་བའི་སྤྱི་སྒྲོག་ལྟར་ན། མཱ་ཁི་ལུང་གིས་ཁ་པར་གཏོང་སྐབས་བསྟན་དོན། ཅཱ་ཧྲ་ས་ཁུལ་གྱི་ཤི་རྨས་གནས་ཚུལ་དང་མི་ཆོས་རིང་ལུགས་ཀྱི་གནས་བབ་བལྟ་མི་བཟོད་པ་ཞིག་ཡིན་པས། དབྱི་སི་རལ་གྱི་འགུལ་སྐྱོད་མཚམས་འཇོག་དགོས། ཧྥ་རན་སི་ཡིས་དབྱི་སི་རལ་གྱིས་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་དུ་དམག་དོན་འགུལ་སྐྱོད་སྤེལ་བར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད། རྒྱུ་མཚན་ནི་དེ་ལས་སྔར་ལས་གཞི་རྒྱ་ཆེ་བའི་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་འབྱུང་སྲིད་པས་ཡིན་ཟེར། མཱ་ཁི་ལུང་གིས་ད་རུང་གང་མགྱོགས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་དེ། འཐབ་འཁྲུག་དེ་ས་ཁུལ་གཞན་དུ་མཆེད་པ་དང་ཁྱད་པར་དུ་ལེ་པཱ་ནུན་དང་མཚོ་དམར་ས་ཁུལ་དུ་མཆེད་པར་སྔོན་འགོག་བྱེད་དགོས་པ་ནན་བཤད་བྱས།

མཱ་ཁི་ལུང་གིས་ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་ལ་གཞི་རྒྱ་ཆེ་བའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པའི་དགོས་གལ་རང་བཞིན་ནན་བཤད་བྱས་དང་། དབྱི་སི་རལ་གྱིས་རང་གི་ལྷོ་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་ཨ་ཧྲི་ཏུའུ་ཏི་དང་རྒྱལ་མཚམས་བགྲོད་ལམ་གཞན་པ་སྒོ་འབྱེད་བྱས་ཏེ། ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་སྐྱེལ་དུ་འཇུག་དགོས་པའི་འབོད་སྐུལ་བཏང་།

མཱ་ཁི་ལུང་གིས་ཁ་པར་གཏོང་སྐབས་ཧྥ་རན་སིའི་ཕྱོགས་ཀྱིས་དབྱི་སི་རལ་གྱི་བདེ་འཇགས་ལ་སེམས་ཁུར་བྱེད་པ་དང་། བཀག་འཇུག་ཐེབས་པའི་མི་སྣ་ཚང་མ་བདེ་འཇགས་ངང་ཕྱིར་གཏོང་དུ་འཇུག་པ་ནི་གདམ་གསེས་མཆོག་གྱུར་ཅིག་ཡིན་པའི་ཚུལ་བསྟན།

སྤྱི་སྒྲོག་ལྟར་ན། མཱ་ཁི་ལུང་གིས་ད་རུང་ཧྥ་རན་སིའི་ཕྱོགས་ཀྱིས་དབྱི་སི་རལ་གྱི་གཏན་སྡོད་ས་ཁུལ་གྱི་སྲིད་ཇུས་ལ་རྒོལ་གཏམ་བཏང་བ་དང་། དབྱི་སི་རལ་ཕྱོགས་ཀྱིས་དབྱི་སི་རལ་གྱི་གཏན་སྡོད་མཁན་སྐོར་ཞིག་གིས་ཕཱ་ལེ་སི་ཐན་གྱི་མི་སེར་དཀྱུས་མར་དྲག་ཤུགས་བྱ་སྤྱོད་སྤེལ་བར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། མཱ་ཁི་ལུང་གིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབས་བྱས་ན། ད་གཟོད་དབྱི་སི་རལ་གྱི་བདེ་འཇགས་དགོས་མཁོ་དང་ཕཱ་ལེ་སི་ཐན་གྱི་མིའི་རྒྱལ་འཛུགས་ཀྱི་ཁྲིམས་མཐུན་རེ་བ་བསྐང་ཐུབ་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།