ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཚེས་བཅུ་བཞི་ཉིན་རྒྱལ་ས་ཁེ་རོ་ནས་འཚམས་འདྲིར་ཡོང་བའི་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་འདོད་ཡོད་པའི་ཚུལ་བསྟན།
ཐུག་འཕྲད་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་། སེ་ཞི་ཡིས་ཨེ་ཨར་ཏའོ་ཨན་གྱིས་ལོ་ངོ་བཅུ་ཕྲག་ལྷག་གི་རྗེས་སུ་ཐོག་དང་པོར་ཁེ་རོ་རུ་འཚམས་འདྲི་བྱས་པར་དགའ་བསུ་ཞུས་པ་དང་། ཧུར་ཐག་སྒོས་ཨེ་ཅིབ་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལེའུ་གསར་བ་མགོ་རྩོམ་དགོས་པའི་འབོད་སྐུལ་བཏང་། སེ་ཞི་ཡིས་བཤད་རྒྱུར། མིག་སྔར་ཨེ་ཅིབ་ནི་ཐུར་ཁེའི་ཨ་ཧྥེ་རི་ཁ་གླིང་གི་ཆེས་ཆེ་བའི་ཉོ་ཚོང་གྲོགས་པོ་ཡིན་པ་དང་། ཐུར་ཁེ་ནི་ཨེ་ཅིབ་ཀྱི་ཕྱིར་གཏོང་བྱེད་ས་གཙོ་བོ་ཞིག་ཡིན། ཨེ་ཨར་ཏའོ་ཨན་གྱིས་འཚམས་འདྲི་བྱས་རྗེས། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་བཟང་བོ་སླར་གསོ་བྱེད་ཐུབ་པར་རེ་བཞིན་ཡོད་ཟེར།
ཨེ་ཨར་ཏའོ་ཨན་གྱིས་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཐུར་ཁེ་ཡིས་ཨེ་ཅིབ་བར་གྱི་འབྲེལ་བ་ལེགས་བཅོས་བྱེད་འདོད་ཡོད་པ་དང་། ཐེངས་འདིའི་གྲོས་མོལ་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལེའུ་གསར་བ་ཞིག་གི་མགོ་རྩོམ་ཐུབ་པར་ཡིད་ཆེས་ཡོད་ལ། ཐུར་ཁེ་ཡིས་མ་འོངས་པའི་ལོ་འགའི་ནང་ཨེ་ཅིབ་ཀྱི་དངུལ་གཏོང་ཇེ་མང་དུ་གཏོང་རྒྱུ་ཡིན་ཟེར།
སེ་ཞི་དང་ཨེ་ཨར་ཏའོ་ཨན་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་དང་། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཞི་འཇགས་སླར་གསོ་བྱས་ཏེ། གང་མགྱོགས་སྒོས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་འཕེལ་རིམ་སླར་གསོ་བྱེད་པར་རྨང་འདིང་དགོས་པར་འདོད།
བསོད་ནམས་ཚེ་རིང་གིས་བསྒྱུར།