འཛམ་གླིང་ཡོངས་ཀྱི་ས་ཁུལ་མང་བོས་ངོ་མཚར་བའི་བྱ་འགུལ་སྤེལ་ནས་ལུགས་རྙིང་ལོ་སར་ལ་མཉམ་རོལ་བྱས།
2024.02.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

བསྟུད་མར་ཉིན་འགའི་རིང་ལ། འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོར་སྤྲོ་སྐྱིད་ཀྱི་ལུགས་རྙིང་ལོ་སར་ཞེས་པའི་བྱ་འགུལ་སྤེལ།

སེར་ཝེ་ཡཱའི་སྤྲོ་སྐྱིད་ཀྱི་ལུགས་རྙིང་ལོ་སར་ཞེས་པའི་བྱ་འགུལ་དེ་ཉེ་སྔོན་སོ་སོར་པེ་ཨར་ཀི་ལའེ་ཏི་སོགས་གྲོང་ཁྱེར་བཞི་ནས་སྤེལ། ཧྲའོ་ལིན་དྲག་རྩལ་དང་ཟློས་གར་འཁྲབ་སྟོན་སོགས་ཀྱིས་ས་དེའི་མང་ཚོགས་ཀྱི་བློ་ཁ་བཀུག་པ་དང་། ཐག་ཉེ་ས་ནས་ཕུན་སུམ་ཚོགས་པའི་ཀྲུང་གོའི་རིག་གནས་ལ་མྱོང་རོལ་བྱས།

ཐེ་གོའི་མན་ཀུའུ་ནས། ཉིས་སྟོང་ཉེར་བཞི་ལོའི་སྤྲོ་སྐྱིད་ཀྱི་ལུགས་རྙིང་ལོ་སར་ཞེས་པའི་བྱ་འགུལ་དེ་མན་ཀུའུ་ཐང་མིའི་སྲང་ནས་སྤེལ་བ་དང་། ཡུལ་དངོས་སུ་སྤྲོ་དགའི་ངང་ནས་ལུགས་རྙིང་ལོ་སར་རོལ་བ་དང་ཀྲུང་གོ་དང་ཐེ་གོ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ཞི་མཐུན་སྤྲོ་སྣང་གིས་ཁེངས་ཡོད།

ཉིས་སྟོང་ཉེར་བཞི་ལོའི་ཤིང་ཕོ་འབྲུག་ལོའི་དབྱིན་ཇིའི་གླིང་བཞིར་དཔྱིད་དཔལ་རྒྱས་ཞེས་པའི་ལུགས་རྙིང་ལོ་སར་གྱི་དགའ་སྟོན་མཛད་སྒོ་ཉེ་སྔོན་ལོན་ཏོན་ནས་སྤེལ་བ་དང་། ཀོང་ཏུང་ཞིང་ཆེན་གྱི་ཕུའུ་ཉིང་ནན་ཧྲན་དབྱིན་ཀི་རུ་ཁག་གི་ཞབས་བྲོའི་འཁྲབ་སྟོན་དེས་ཀུན་གྱི་མིག་དབང་འཕྲོག་པར་བྱས། དབྱིན་ཀི་ནི་ཀྲུང་གོ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཡིན་ཞིང་། དེ་ནི་ཁོ་ཚོས་ཐོག་དང་པོར་དབྱིན་ཇི་ནས་འཁྲབ་སྟོན་བྱས་པ་རེད། དེ་ལས་གཞན་འབྲུག་སེང་འཁྲབ་སྟོན་སོགས་ལེ་ཚན་ངོ་མཚར་བ་མང་བོ་འཁྲབ་སྟོན་བྱས་པ་དང་། མི་འབུམ་ཕྲག་འགའ་ལྷག་ལོན་ཏོན་དུ་འཛོམས་ནས་ཀྲུང་གོའི་ལུགས་རྙིང་ལོ་སར་ལ་མྱོང་རོལ་བྱས།

ཁོ་སི་ཐཱ་རེ་ཁཱའི་ཧྲིན་ཧི་སེའི་ཀྲུང་གོའི་སྲང་ལམ་ནས། འབྲུག་ལོའི་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཞབས་བྲོ་དང་དྲག་རྩལ་སོགས་ངོ་མཚར་བའི་ལེ་ཚན་མང་བོ་འཁྲབ་སྟོན་བྱས་དང་། ཚང་མས་ལུགས་རྙིང་ལོ་སར་གྱི་སྨོན་འདུན་མཚོན་པའི་བརྩམས་ཆོས་དག་རང་ཁྱིམ་དུ་ཁྱེར་བར་འདོད།

ནེ་ཀྲི་རི་ཡཱ་ནས་སྤེལ་བའི་སྤྲོ་སྐྱིད་ཀྱི་ལུགས་རྙིང་ལོ་སར་ཞེས་པའི་བྱ་འགུལ་སྟེང་། ས་དེའི་མང་ཚོགས་ཀྱིས་ཀྲུང་གོ་དང་ནེ་ཀྲི་རི་ཡཱའི་མཛའ་བརྩེ་མཚོན་པའི་པར་རིས་འགྲེམ་སྤེལ་ལ་བལྟས་པར་མ་ཟད། ཅིང་ཅུའུ་ཟློས་གར་དང་གཡང་ཀི་སོགས་ངོ་མཚར་བའི་འཁྲབ་སྟོན་ལ་བལྟས་པ་དང་། ཟབ་ཞུགས་མཁན་གྱིས་ཀྲུང་གོའི་རིགས་གནས་ཀྱི་འགུག་ཤུགས་དངོས་སུ་མྱངས།


བསོད་ནམས་ཚེ་རིང་གིས་བསྒྱུར།