བསྟུད་མར་ཉིན་འགའི་རིང་ལ། རྒྱལ་ཁབ་མང་བོར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུ་སོགས་བྱ་འགུལ་སྤེལ་ནས། ཤིང་ཕོ་འབྲུག་ལོའི་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུས།
དབྱིན་ཇི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཉེ་སྔོན་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུ་བསྡུས་པ་དང་། སྐུ་མགྲོན་དག་གིས་མཉམ་དུ་ཀྲུང་གོ་དར་རྒྱས་འབྱུང་བ་དང་རྒྱལ་བདེ་དམངས་སྐྱིད་ཡོང་བའི་སྨོན་འདུན་ཞུས་པར་མ་ཟད། ཀྲུང་གོ་དང་དབྱིན་ཇིའི་མི་དམངས་བར་གྱི་མཛའ་བརྩེ་དང་མཉམ་ལས་ཇེ་ཟབ་ཏུ་གཏོང་བའི་ཐད་བྱས་རྗེས་གསར་བ་འཇོག་འདོད་ཡོད་ཟེར།
ཁམ་ཕུ་ཀྲེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཉེ་སྔོན་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུ་བསྡུས་པ་དང་། ཁམ་ཕུ་ཀྲེ་དང་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་སོགས་ཕྱི་སྡོད་རང་མིའི་ཚོགས་པ་དང་ཁམ་ཕུ་ཀྲེ་རུ་ཡོད་པའི་ཀྲུང་གོའི་དངུལ་གཏོང་ཁེ་ལས། དེ་མིན་ལས་ཁུངས་ཀྱི་འགན་ཁུར་བ། ཁམ་ཕུ་ཀྲེ་ལ་རོགས་སྐྱོར་བྱེད་པའི་ཆེད་མཁས་པ་སོགས་མི་བདུན་བརྒྱ་ལྷག་ལྷན་དུ་འཛོམས། སྐུ་མགྲོན་དག་གིས་དུས་རབས་གསར་བའི་ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་ལ་གཟེངས་བསྟོད་བྱས་པ་དང་། སྙིང་ཐག་པ་ནས་ཀྲུང་གོ་དང་ཁམ་ཕུ་ཀྲེའི་སྤུན་ཟླ་ལྟ་བུའི་བརྩེ་བ་ཟབ་མོ་དེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་ཐུབ་པའི་སྨོན་འདུན་ཞུས།
ཞི་ལཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་སྤེལ་བའི་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུའི་སྟེང་། ཚོགས་ཞུགས་སྐུ་མགྲོན་དག་གིས་ཀྲུང་ཧྭའི་དམངས་ཁྲོད་རོལ་དབྱངས་དང་། ཀྲུང་གོའི་སྲོལ་རྒྱུན་ཞབས་བྲོ། དྲག་རྩལ་སོགས་ལེ་ཚན་ལ་རོལ་མྱོང་བྱས། ཚོགས་འདུར་ཞུགས་པའི་ཞི་ལཱའི་ལས་རིགས་སོ་སོའི་གྲོགས་པོ་དག་གིས་ཀྲུང་གོའི་མི་དམངས་དག་ལོ་གསར་བའི་ནང་སྤྲོ་སྐྱིད་ལྡན་པའི་སྨོན་འདུན་ཞུས་པ་དང་། ཞི་ལཱ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་རེ་སྒུག་བྱས་ཡོད་ཟེར།
ཀྲི་ལི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུ་གཟབ་རྒྱས་ཆེ་ཞིང་། ཀྲི་ལིའི་ལས་རིགས་སོ་སོའི་སྐུ་མགྲོན་དག་ལྷན་དུ་འཛོམས་ཡོད། སྐུ་མགྲོན་དག་གིས་བསྟན་དོན། མུ་མཐུད་དུ་ཀྲུང་གོ་དང་ཀྲི་ལི་རྒྱལ་ཁབ་གཉིས་ཀྱི་དམངས་ཁྲོད་མཛའ་མཐུན་འགྲོ་འོང་ཆེད་དུ་སྟོབས་ཤུགས་འབུལ་འདོད་ཡོད་ཟེར།
ཁོང་གོ་པུའུ་དང་ཁཱ་ཐར། དབྱི་ལིང་། ཕོ་ལན། ཝུ་ར་ཀུའེ། ཕཱ་ནཱ་མཱ་སོགས་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྱང་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུ་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱ་འགུལ་སྤེལ་ཏེ། ལས་རིགས་སོ་སོའི་མི་སྣ་དང་མཉམ་དུ་ལུགས་རྙིང་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུས་པར་མ་ཟད། བརྗེ་རེས་དང་མཉམ་ལས་ལ་མཉམ་དུ་གྲོས་བསྡུར་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།