ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། འཆར་གཞི་གསར་བ་ཞིག་ལ་ཆོག་མཆན་བཀོད་ནས་ཆིང་ནུས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། རང་བྱུང་སོལ་རླངས་བརྟེན་པའི་ཚད་ཇེ་ཆུང་དུ་བཏང་སྟེ། ཐཱན་སྙོམས་སྦྱོར་གྱི་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།
ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་བསྟན་དོན། ཧྥ་རན་སི་དང་འཇར་མན། དབྱི་ཐཱ་ལེ། ཧི་ལན། ཕོ་ལན། ཕུའུ་ཐའོ་ཡཱ། སི་ལོ་ཝ་ཁི་བཅས་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་བདུན་གྱིས་འཆར་གཞི་དེར་ཡོ་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་དགུའི་སྤྱི་བའི་མ་དངུལ་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་ན་ད་རུང་ཡོ་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་བཞི་ལྷག་གི་མི་སྒེར་གྱི་དངུལ་གཏོང་ལའང་སྐུལ་ཁྲིད་བྱེད་ངེས་རེད་ཟེར།
ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་བཤད་རྒྱུར། འཆར་གཞི་དེའི་སྐུལ་འདེད་འོག ཀུང་ཟི་སོ་གཉིས་ཆིང་ནུས་ལ་འབྲེལ་བ་ཡོད་པའི་རྣམ་གྲངས་སོ་གསུམ་ནང་ཞུགས་རྒྱུ་ཡིན་པ་དང་། དེའི་ནང་གློག་ཞིའི་སྒྲོམ་ཆེ་གྲས་བཀོལ་ནས་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ཆིང་ནུས་ཐོན་སྐྱེད་བྱེད་པ་དང་། སྤྱི་ལེ་སྟོང་གཉིས་དང་བདུན་བརྒྱ་ཙམ་གྱི་ཆིང་ནུས་སྐྱེལ་འདྲེན་སྦུག་ལམ་གྱི་གསར་བསྒྱུར་དང་ལེགས་བཅོས། ཆིང་ནུས་གསོག་འཇོག་སྒྲིག་ཆས་ཆེ་གྲས་ཀྱི་འཛུགས་སྐྲུན་སོགས་འདུས།
མཚམས་སྦྱོར་བྱས་པ་ལྟར་ན། གློག་ཞིའི་སྒྲོམ་ཆེ་གྲས་ཀྱི་རྣམ་གྲངས་དེ་ཚོད་དཔག་བྱས་ན་ཉིས་སྟོང་ཉེར་དྲུག་ལོ་ནས་ཉིས་སྟོང་ཉེར་བརྒྱད་ལོའི་བར་བཀོལ་སྤྱོད་བྱེད་རྒྱུ་ཡིན་པ་དང་། སྦུག་ལམ་རྣམ་གྲངས་དེ་ཉིས་སྟོང་ཉེར་བདུན་ལོ་ནས་ཉིས་སྟོང་ཉེར་དགུ་ལོའི་བར་བཀོལ་སྤྱོད་བྱེད་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།