ཉེ་སྔོན་ཡང་བསྐྱར་རྒྱལ་ཁབ་མང་བོའི་མགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གློག་འཕྲིན་བཏང་བའམ་འཕྲིན་ཡིག་བསྐུར་ནས། ཀྲུང་གོའི་མི་དམངས་ཀྱི་ལུགས་རྙིང་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུས།
མར་ཐཱའི་ཙུང་ཐུང་ཝེ་ལཱ་ཡིས་ཀྲུང་གོའི་མི་དམངས་ལ་ལྷག་བསམ་རྣམ་དག་གིས་ལུགས་རྙིང་ལོ་སར་གྱི་སྨོན་འདུན་ཞུས་པ་དང་། མར་ཐཱ་དང་ཀྲུང་གོའི་མཛའ་བརྩེ་ཟབ་ཅིང་རྒྱུན་རིང་ལ། མར་ཐཱ་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོའི་གྲོགས་པོ་བཟང་བོ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
སཱ་མའོ་ཡཱའི་རྒྱལ་ཁབ་ཀྱི་གཙོ་འཛིན་ཐུའུ་དབྱེ་མཱ་ལའེ་ཨ་ལེ་ཧྥ་ནོའུ་ཡིས་ཀྲུང་གོ་དར་རྒྱས་འགྲོ་བ་དང་མི་དམངས་བདེ་སྐྱིད་བདེ་ཐང་ཡོང་བའི་སྨོན་འདུན་ཞུས་པ་དང་། ཀྲུང་གོ་ནི་སཱ་མའོ་ཡཱའི་གྲོགས་པོ་གཙོ་བོ་དང་འཕེལ་རྒྱས་གྲོགས་པོ་ཡིན་ལ། སཱ་མའོ་ཡཱ་ཕྱོགས་ཀྱིས་ཀྲུང་གོའི་བར་མཉམ་ལས་ཟབ་མོ་བྱས་ནས་སྲོལ་རྒྱུན་གྱི་མཛའ་བརྩེ་རྒྱུན་འཛིན་བྱེད་པར་རེ་སྒུག་བྱས་ཡོད་ཟེར།
ཀུའེ་ལི་པཱ་སིའི་ཙུང་ཐུང་མཱ་མའོ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསར་གཏོད་དང་བཅོས་བསྒྱུར་གྱི་དགོངས་པའི་མཛུབ་སྟོན་འོག ཀྲུང་གོ་འཛམ་གླིང་དཔལ་འབྱོར་ཀྱི་སྟོབས་ལྡན་རྒྱལ་ཁབ་ཏུ་གྱུར་ཡོད། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འདོན་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་འདོན། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་འདོན། རྒྱུད་གཅིག་ལམ་གཅིག་གི་གྲོས་གྲོས་འདོན་བཅས་ཀྱིས་འཛམ་གླིང་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད་ལ། འཛམ་གླིང་ཡོངས་ཀྱི་གཟེངས་བསྟོད་ཐོབ་ཡོད། ཀྲུང་གོས་ལོ་གསར་བའི་ནང་གྲུབ་འབྲས་སྔར་ལས་མང་བོ་ལོན་པའི་སྨོན་འདུན་ཞུས།
པཱ་ཞིའི་ཙུང་ཐུང་ལུའུ་ལཱ་ཡིས་ཀྲུང་གོའི་མི་དམངས་ལ་འབྲུག་གི་ལོར་ལུས་ཕུང་བདེ་ཐང་དང་ཞི་མཐུན་བདེ་འཇགས་འབྱུང་བའི་སྨོན་འདུན་ཞུས་པ་དང་། པཱ་ཞི་ཕྱོགས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་མཐུན་སྦྲེལ་ཐག་ཇེ་དམ་དུ་གཏོང་རྒྱུ་ཡིན་ལ། པཱ་ཞི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་ཆུ་ཚད་སྔར་ལས་མཐོན་པོ་ཞིག་ཏུ་མཐོར་འདེགས་གཏོང་ཐུབ་པར་ཡིད་ཆེས་ཡོད་ཟེར།
པཱ་ཧཱ་མཱའི་ཙུང་ཏུའུ་ཕུའུ་ལཱ་ཐི་དང་ཙུང་ལི་ཏའེ་ཝེ་སི་གཉིས་ཀྱིས་བསྟན་དོན། འབྲུག་གིས་སྟོབས་ཤུགས་དང་བློ་གྲོས། དར་རྒྱས་བཅས་མཚོན་ཡོད་པ་དང་། འགྱུར་མེད་དང་གོང་འཕེལ་གྱི་སྙིང་སྟོབས་མངོན་པར་བྱས་ཡོད་ལ། པཱ་ཞི་དང་ཀྲུང་གོའི་ཡུན་རིང་མཛའ་བརྩེ་དང་མཉམ་ལས་ཀྱི་མཚོན་བྱེད་ཡིན། ཀྲུང་གོའི་མི་དམངས་བདེ་སྐྱིད་བདེ་ཐང་དང་ལས་དོན་ཡིད་བཞིན་འགྲུབ་པ། མདུན་ལྗོངས་འོད་སྟོང་ལྡན་པ་དང་། ལོ་གསར་བའི་ནང་བློ་སེམས་གཅིག་སྒྲིལ་གྱིས་འོད་སྟོང་འབར་བའི་གྲུབ་འབྲས་ཡང་བསྐྱར་བསྐྲུན་ཐུབ་པའི་སྨོན་འདུན་ཞུས།
རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཧི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོའི་མི་དམངས་ཡོངས་ལ་འབྲུག་གི་ལོར་བདེ་ཐང་དང་རྒྱལ་ཁ། དར་རྒྱས་བཅས་འབྱུང་བའི་སྨོན་འདུན་ཞུས་པ་དང་། ཉིས་སྟོང་ཉེར་བཞི་ལོའི་ཕཱ་རེ་སིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང་དབང་བོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་ཀྲུང་གོའི་ལུས་རྩལ་པ་ཚང་མས་བདེ་བླག་ངང་རྒྱལ་ཁ་ལོན་ཐུབ་པའི་སྨོན་འདུན་ཞུས།
ཨེ་མེ་ནི་ཡཱའི་ཙུང་ཐུང་ཧཱ་ཆཱ་ཐུའུ་ལིང་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི། ཅོར་ཏན་རྒྱལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པ། ཨ་མན་གྱི་མགོ་ཁྲིད་པ་ཧེ་སེ་མུའུ། ཕུའུ་ཐའོ་ཡཱའི་ཙུང་ཐུང་སོ་སཱ། འཇར་མན་གྱི་ཙུང་ཐུང་ཧྲི་ཐེ་ཡུན་མེད་ཨར། ཨོ་སི་ཁྲུ་རི་ཡཱའི་ཙུང་ཐུང་ཧྥན་ཏི་པེ་ལོན། ཀི་ལུའུ་ཅི་ཡཱའི་ཙུང་ལི་ཁི་པཱ་ཞེ་ཙེ། ཐི་ལི་ནེ་ཏཱ་དང་ཏའོ་པཱ་ཀིའི་ཙུང་ལི་ལོ་ལེ། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལག་བསྟར་ཀྲུའུ་ཞི་ཧྲི་ཝ་པུའུ་བཅས་ཀྱིས་ཀྱང་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གློག་འཕྲིན་དང་འཕྲིན་ཡིག་བསྐུར་ནས་ལུགས་རྙིང་ལོ་སར་གྱི་དགའ་སྟོན་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོའི་མི་དམངས་བདེ་སྐྱིད་དང་བདེ་ཐང་ཡོང་བ་དང་ཀྲུང་གོར་རྒྱུན་ཆད་མེད་པར་དར་རྒྱས་གོང་འཕེལ་དུ་འགྲོ་བའི་སྨོན་འདུན་ཞུས།
བསོད་ནམས་ཚེ་རིང་གིས་བསྒྱུར།