འཛམ་གླིང་ཡོངས་ཀྱི་ས་ཁུལ་མང་བོས་སྣ་མང་ཕུན་སུམ་ཚོགས་པའི་བྱ་འགུལ་སྤེལ་ནས་ལུགས་རྙིང་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུས།
2024.02.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

བསྟུད་མར་ཉིན་འགའི་རིང་ལ། འཛམ་གླིང་ཡོངས་ཀྱི་ས་ཁུལ་མང་བོས་སྣ་མང་ཕུན་སུམ་ཚོགས་པའི་བྱ་འགུལ་སྤེལ་བ་དང་། ཀྲུང་ཕྱིའི་མཛའ་མཐུན་མི་སྣ་དག་གིས་མཉམ་དུ་ལུགས་རྙིང་གི་འབྲུག་ལོའི་ལོ་སར་ལ་མཉམ་དུ་དགའ་སྟོན་རྟེན་འབྲེལ་ཞུས།

ཚེས་བཅོ་ལྔ་ཉིན། པུ་ལི་ཧྲིའི་པུའུ་ལུའུ་སེར་གྱི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱིས་ལོ་སར་དགོང་ཚོགས་ལ་བལྟ་བ་དང་ལོ་སར་གྱི་བཟའ་བཏུང་ལོངས་སུ་སྤྱོད་པ། འབྲུག་ལོའི་ལོ་སར་བསུ་བའི་རིག་གནས་མྱོང་རོལ་བྱ་འགུལ་སྤེལ་བ་དང་། ས་དེའི་སློབ་མ་དག་གིས་གླུ་གར་དང་བཞད་གར་སོགས་རིག་རྩལ་འཁྲབ་སྟོན་བྱས། ཀྲུང་ཕྱིའི་མཛའ་མཐུན་མི་སྣ་དག་གིས་ད་རུང་ཆུ་མོག་ལས་པ་དང་སྨོན་ཚིག་འབྲི་བ། ཤོག་དྲས་སོགས་ཁྱད་ཆོས་མངོན་གསལ་ལྡན་པའི་ལུགས་རྙིང་ལོ་སར་གྱི་བྱ་འགུལ་ལ་མྱོང་རོལ་བྱས།

ཕོ་ལན་གྱི་ཧྭ་ཧྲ་ནས། ཕོ་ལན་རྒྱལ་ཁབ་རོལ་དགའ་ཚོམས་ཆེན་ནས་ཉིས་སྟོང་ཉེར་བཞི་ལོའི་ལོ་གསར་གྱི་རོལ་དབྱངས་ཚོགས་འདུ་བསྡུས་པ་དང་། དེ་ནི་དྲོད་སྐྱིད་ཀྱི་དཔྱིད་དཔལ་བསུ་བ་དང་མཉམ་དུ་ཀྲུང་གོའི་ལོ་སར་རོལ་ཞེས་པའི་བྱ་འགུལ་རབ་དང་རིམ་པའི་གྲས་ཡིན་ལ། ཀྲུང་གོ་དང་ཕོ་ལན་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་དོན་ལྔ་འགོར་བའི་ཐོག་མའི་བྱ་འགུལ་ཡང་ཡིན་པ་རེད། སྒྱུ་རྩལ་པ་དག་གིས་ཀྲུང་གོའི་དམངས་ཁྲོད་རོལ་དབྱངས་རྡུང་དཀྲོལ་བྱས་ནས་ཐུན་མོང་འགུག་ཤུགས་མངོན་པར་བྱས་པ་དང་། ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་གྱི་ཕུན་སུམ་ཚོགས་པའི་རིག་གནས་ནང་དོན་བརྒྱུད་སྒྲོག་བྱས་པས། ཚོགས་རའི་ལྟད་མོ་བ་ཚོ་ཡར་ལངས་ནས་ཐལ་མོ་རྡེབས།

སྤྲོ་སྐྱིད་ཀྱི་ལུགས་རྙིང་ལོ་སར་ཏེ་རྦབ་ཆུ་མཁར་གྱིས་ཀྲུང་གོའི་འབྲུག་ལོ་དགའ་བས་བསུ་ཞེས་པའི་རིག་རྩལ་འཁྲབ་སྟོན་བྱ་འགུལ་ཉེ་སྔོན་པཱ་ཞིའི་མཐའ་མཚམས་ཀྱི་གྲོང་ཁྱེར་དབྱེ་བཀའ་སུའུ་ནས་སྤེལ་བ་དང་། ཀྲུང་གོའི་ཨོ་མིན་ནས་ཡོང་བའི་ཕའེ་ཀྲིན་སློབ་འབྲིང་གི་སྒྱུ་རྩལ་ཚོགས་པ་དང་པཱ་ཞི་རུ་གནས་སྐོར་བྱེད་པའི་ཀྲུང་གོ་བའི་དམངས་ཁྲོད་རོལ་དབྱངས་ཚོགས་པ། ཧྲིན་པའོ་ལོ་འབྲུག་འཁྲབ་རུ་ཁག་སོགས་ཚོགས་ཁག་མང་བོས་ས་དེའི་མང་ཚོགས་ལ་ངོ་མཚར་བའི་ལེ་ཚན་འཁྲབ་སྟོན་བྱས། དེ་ནི་དབྱེ་བཀའ་སུའུ་གྲོང་ཁྱེར་གྱིས་ཀྲུང་གོའི་ལུགས་རྙིང་ལོ་སར་དེ་གྲོང་ཁྱེར་རང་གི་དཔོན་ཕྱོགས་ཀྱི་དུས་ཆེན་དུ་གཏན་འཁེལ་བྱས་རྗེས་ཀྱི་ལུགས་རྙིང་ལོ་སར་གྱི་དགའ་སྟོན་རྟེན་འབྲེལ་བྱ་འགུལ་ཐོག་མ་རེད།

ཨེ་ཅིབ་ཀྱི་ཁེ་རོ་ནས། སྤྲོ་སྐྱིད་ཀྱི་ལུགས་རྙིང་ལོ་སར་རྟགས་མ་ཞེས་པའི་ཨེ་ཅིབ་རྒྱལ་ཁབ་ཀྱི་དྲག་རྩལ་འགྲན་སྡུར་ཉེ་སྔོན་སྤེལ་བ་དང་། བསྡོམས་པས་ལོ་ཆུང་བྱིས་པ་དང་བཅས་པའི་འགྲན་མི་སྟོང་ལྔ་དང་བདུན་བརྒྱ་ལྷག་འགྲན་སྡུར་ལ་ཞུགས། འགྲན་མི་ཚོའི་ངོ་མཚར་བའི་རྣམ་འགྱུར་དང་དུས་ཆེན་གྱི་སྣང་ཚུལ་སྟུག་པོས་ལྟད་མོ་བ་ཚོར་ཐག་ཉེ་ས་ནས་ཀྲུང་གོའི་རིག་གནས་ཀྱི་འགུག་ཤུགས་ཉམས་སུ་མྱོང་དུ་བཅུག


བསོད་ནམས་ཚེ་རིང་གིས་བསྒྱུར།