མའོ་ཞི་ཁོའི་ཙུང་ཐུང་གིས་ཀྲུང་གོས་མའོ་ཞི་ཁོའི་དྲག་རླུང་གནོད་འཚེ་ས་ཁུལ་དུ་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས།
2024.02.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

མའོ་ཞི་ཁོའི་ཙུང་ཐུང་ལོ་ཕའེ་སི་ཡིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ཀྲུང་གོའི་སྲིད་གཞུང་གིས་མའོ་ཞོ་ཁོའི་དྲག་རླུང་གནོད་འཚེ་ཐེབས་པའི་ས་ཁུལ་དུ་རོགས་སྐྱོར་བྱས་པའི་སྐོར་ཐེངས་དང་པོའི་དངོས་རྫས་མའོ་ཞི་ཁོ་རུ་འབྱོར་ཡོད་པ་དང་། ཀྲུང་གོའི་སྲིད་གཞུང་གིས་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས།

ཉིན་དེར་གནོད་འཚེ་ཐེབས་པ་ཆེས་ཚབས་ཆེ་བའི་ཀི་ལོས་ལོ་མངའ་སྡེའི་ཨ་ཁཱ་ཕུའུ་ཨར་ཁི་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ལོ་ཕའེ་སི་ཡིས་བསྟན་དོན། དངོས་རྫས་དེ་དག་མའོ་ཞི་ཁོའི་ལྷོ་ཕྱོགས་ཀྱི་དྲག་རླུང་ཨོ་ཏིས་སིའི་ཤུགས་རྐྱེན་ཐེབས་པའི་མང་ཚོགས་ལ་སྟེར་རྒྱུ་ཡིན་ཟེར།

མའོ་ཞི་ཁོའི་རྒྱལ་སྲུང་པུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཁས་ལེན་བྱས་དོན། ཀྲུང་གོས་རོགས་སྐྱོར་བྱས་པའི་དངོས་རྫས་ལ་འཁྱག་སྒམ་ཁྲི་ལྔ་དང་སྟོང་བདུན་དང་། དྲོད་འདོན་སྒྲིག་ཆས་ཁྲི་གསུམ་དང་སྟོང་གསུམ་ཡོད། དངོས་རྫས་དེ་དག་དངོས་སྐྱེལ་གྲུ་གཟིངས་བདུན་གྱིས་བསྐྱལ་ཡོང་བ་དང་། དེའི་ནང་གྲུ་གཟིངས་ལྔ་མའོ་ཞི་ཁོ་རུ་འབྱོར་ཡོད་ཟེར།

ཉིས་སྟོང་ཉེར་གསུམ་ལོའི་ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན། དྲག་རླུང་ཨོ་ཏིས་སི་ཞེས་པ་མའོ་ཞི་ཁོའི་ལྷོ་ཕྱོགས་ཀྱི་ཞི་བདེ་རྒྱ་མཚོ་ཆེན་མོའི་འགྲམ་བརྒྱུད་ནས་སྐམ་སར་བུད་དེ། ཨ་ཁཱ་ཕུའུ་ཨར་ཁི་སོགས་ས་ཁུལ་དུ་གཏོར་བརླག་ཚབས་ཆེན་བཟོ་ནས། མི་ང་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་གཉིས་གར་སོང་རྙེད་མེད།

དྲག་རླུང་གི་གནོད་འཚེ་ཐེབས་རྗེས། ཀྲུང་གོ་ཕྱོགས་ཀྱིས་མའོ་ཞི་ཁོ་ཕྱོགས་ལ་བྲེལ་མྱུར་གྱི་མི་ཆོས་རིང་ལུགས་རོགས་སྐྱོར་འདོན་སྤྲོད་བྱས། མའོ་ཞི་ཁོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་མའོ་ཞི་ཁོ་རུ་ཡོད་པའི་ཀྲུང་གོའི་དངུལ་གཏོང་ཁེ་ལས། མའོ་ཞི་ཁོ་རུ་ཡོད་པའི་ཕྱི་སྡོད་རང་མི་བཅས་ཀྱིས་ཀྱང་གནོད་ཐེབས་ས་ཁུལ་དུ་སྒོར་མོ་དང་དངོས་རྫས་ཀྱི་ཞལ་འདེབས་ཕུལ་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།