བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་སྲུང་བློན་ཆེན་གྲོས་ཚོགས་ནས་ཝུའུ་ཁི་ལན་གྱི་རྒྱབ་སྐྱོར་ལ་ཤུགས་སྣོན་པའི་གནད་དོན་ལ་གྲོས་བསྡུར་བྱས།
2024.02.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 49

ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན། པུ་ལི་ཧྲིའི་པུའུ་ལུའུ་སེར་ནས། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་སྲུང་བློན་ཆེན་གྲོས་ཚོགས་སྐབས་སུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས།

འདི་ནི་ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན། པུ་ལི་ཧྲིའི་པུའུ་ལུའུ་སེར་ནས་པར་བླངས་པའི་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་སྲུང་བློན་ཆེན་གྲོས་ཚོགས་ཀྱི་ཡུལ་དངོས་རྣམ་པ་རེད།

ཚོགས་ཡུན་ཉིན་གཅིག་ཡིན་པའི་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་རྒྱལ་སྲུང་བློན་ཆེན་གྲོས་ཚོགས་ཚེས་བཅོ་ལྔ་ཉིན་པུ་ལི་ཧྲིའི་རྒྱལ་ས་པུའུ་ལུའུ་སེར་ནས་གྲོལ། གྲོས་ཚོགས་ནས་བྱང་ཆིངས་རྩ་འཛུགས་ཀྱི་ཟིལ་ཤུགས་དང་འགོག་སྲུང་། དེ་མིན་ཝུའུ་ཁི་ལན་གྱི་རྒྱབ་སྐྱོར་བཅས་ལ་ཤུགས་སྣོན་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཚོགས་འདུ་གྲོལ་རྗེས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། བདེ་འཇགས་ཁོར་ཡུག་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཀྱང་། མིག་སྔར་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ལ་དམིགས་པའི་ཁ་ཚ་དགོས་གཏུག་གི་དམག་དོན་འཇིགས་ཉེན་ཅིག་མཐོང་མེད་ཟེར།

སི་ཐའོ་ཨར་ཐིན་པེ་ཀི་ཡིས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་རྒྱལ་སྲུང་དངུལ་གཏོང་ལ་ཤུགས་སྣོན་བྱེད་པའི་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། ཚོད་དཔག་བྱས་ན་ད་ལོར་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བཅོ་བརྒྱད་ཀྱི་རྒྱལ་སྲུང་དངུལ་གཏོང་གིས་ཟིན་ཚད་རྒྱལ་ནང་སྤྱིའི་ཐོན་རིན་གྱི་བརྒྱ་ཆའི་གཉིས་ལ་བསླེབས་ཡོད་པ་དང་། ཉིས་སྟོང་བཅུ་བཞི་ལོར་ཟིན་ཚད་དེར་བསླེབས་པའི་ཁོངས་གཏོགས་རྒྱལ་ཁབ་གསུམ་མ་གཏོགས་མེད། བྱང་ཆིངས་རྩ་འཛུགས་ཀྱི་ཡོ་རོབ་གླིང་གི་ཁོངས་གཏོགས་རྒྱལ་ཁབ་དག་གི་རྒྱལ་སྲུང་སྤྱིའི་དངུལ་གཏོང་ད་ལོར་མེ་སྒོར་ཁྲག་ཁྲིག་གསུམ་དང་ཐེར་ཆེན་བརྒྱད་ལ་བསླེབས་ཡོད་པ་དང་། རྒྱལ་ཁབ་དེ་དག་གི་རྒྱལ་ནང་གི་སྤྱིའི་ཐོན་རིན་གྱི་བརྒྱ་ཆའི་གཉིས་ཟིན་ཡོད་ལ། ཉིས་སྟོང་བཅུ་བཞི་ལོར་རྒྱལ་སྲུང་དངུལ་གཏོང་ཇེ་མང་དུ་གཏོང་བར་ཁས་ལེན་བྱས་པའི་ཚུན་ལ། ད་ལོའི་ལོ་མཇུག་བར་བྱང་ཆིངས་རྩ་འཛུགས་ཀྱི་ཡོ་རོབ་གླིང་གི་ཁོངས་གཏོགས་རྒྱལ་ཁབ་དང་ཁཱ་ནཱ་ཏཱ་ཡིས་ཁ་སྣོན་བྱས་པའི་རྒྱལ་སྲུང་དངུལ་གཏོང་དེ་ཚོད་དཔག་བྱས་ན་མེ་སྒོར་ཁྲག་ཁྲིག་དྲུག་ལས་བརྒལ་སྲིད།

སི་ཐའོ་ཨར་ཐིན་པེ་ཀི་ཡིས་བཤད་རྒྱུར། རྒྱལ་སྲུང་བློན་ཆེན་གྱི་ཚོགས་འདུའི་སྟེང་མདའ་མདེལ་གྱི་ཐོན་སྐྱེད་ཁ་སྣོན་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས། མཛོད་གསོག་ཁ་གསབ་བྱེད་པ་དང་མུ་མཐུད་དུ་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་ཆེད། མདའ་མདེལ་གྱི་ཐོན་སྐྱེད་དགོས་མཁོ་དེ་ཞི་བདེའི་དུས་སྐབས་ཀྱི་འགྲོས་རིམ་དལ་བ་ནས་འཁྲུག་རྩོད་སྐབས་སུ་མཁོ་གལ་ཆེ་བའི་འགྲོས་རིམ་མྱུར་མོར་བསྒྱུར་ཡོད། འདས་པའི་ཟླ་ངོ་འགའི་ནང་། བྱང་ཆིངས་རྩ་འཛུགས་ཀྱིས་མེ་སྒོར་ཐེར་ཆེན་གཅིག་གི་རིན་ཐང་ཅན་གྱི་གན་རྒྱར་ཡིད་འཐད་བྱུང་ཡོད།

ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་སི་ཐའོ་ཨར་ཐིན་པེ་ཀི་ཡིས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱི་མནའ་མཐུན་རྒྱལ་ཁབ་དག་གིས་ཝུའུ་ཁི་ལན་ལ་མི་བསྡད་མེད་པའི་གནམ་གྲུ་ས་ཡ་གཅིག་རྩིས་སྤྲོད་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པར་བརྩོན་བཞིན་ཡོད། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ས་འོག་འགད་རྫས་གཙང་སེལ་བྱེད་པའི་མནའ་འབྲེལ་ཞིག་འཛུགས་པར་ཡིད་འཐད་བྱུང་ཡོད། ཨུ་རུ་སིའི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་མེ་སྒོར་ཐེར་ཆེན་བདུན་དང་ཐེར་འབུམ་ལྔ་ཙམ་གྱི་དམག་དོན་དང་དངུལ་ལོར། མི་ཆོས་རིང་ལུགས་བཅས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས་པ་དང་། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གཞན་པ་དང་གྲོགས་པོའི་རྒྱལ་ཁབ་ཀྱིས་སྤྱི་བསྡོམས་པས་མེ་སྒོར་ཁྲག་ཁྲིག་གཅིག་ལས་བརྒལ་བའི་རོགས་སྐྱོར་འདོན་སྤྲོད་བྱས་ཡོད་ཟེར།

གཅིག་སྟོང་དགུ་བརྒྱ་ཞེ་དགུ་ལོའི་ཟླ་བཞི་བའི་ཚེས་བཞི་ཉིན། ཨ་མེ་རི་ཁ་དང་ཁཱ་ནཱ་ཏཱ། དབྱིན་ཇི། ཧྥ་རན་སི། པུ་ལི་ཧྲི། ཧི་ལན། ལི་ཙེམ་པོག ཏན་མག ནོར་ཝེ། འཁྱག་གླིང་། ཕུའུ་ཐའོ་ཡཱ། དབྱི་ཐཱ་ལེ་བཅས་རྒྱལ་ཁབ་བཅུ་གཉིས་ཀྱིས་ཝ་ཧྲིན་ཐོན་ནས་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བྱང་མའི་སྤྱི་ཆིངས་བཀོད་པ་དང་། ཐེངས་མང་བོར་རྒྱ་བསྐྱེད་དེ་བྱང་ཆིངས་རྩ་འཛུགས་ལ་མིག་སྔར་ཁོངས་གཏོགས་རྒྱལ་ཁབ་སོ་གཅིག་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།