ཞི་ལཱ་ཡིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མྱུར་མོར་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
2024.02.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

ཞི་ལཱའི་ཕྱི་འབྲེལ་བློན་ཆེན་ཡེ་ལཱ་ཕིས་ཏི་ལི་ཏིས་སི་ཡིས་ཚེས་བཅོ་ལྔ་ཉིན་ཅ་ཧྲ་ས་ཁུལ་གྱི་དགྲར་འཛིན་འགུལ་སྐྱོད་མྱུར་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཡེ་ལཱ་ཕིས་ཏི་ལི་ཏིས་སི་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཕཱ་ལེ་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་མཱ་ལི་ཅི་དང་གྲོས་མོལ་བྱས་ཏེ། ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་རོགས་སྐྱོར་དང་ཡུལ་གྱར་བའི་རོགས་སྐྱོར་ལ་ཤུགས་སྣོན་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།

གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཡེ་ལཱ་ཕིས་ཏི་ལི་ཏིས་སི་ཡིས་བཤད་རྒྱུར། ཞི་ལཱ་ཡིས་ཅཱ་ཧྲ་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་སོང་ནས་ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ལེ་པཱ་ནུན་གྱི་ལྷོ་ཕྱོགས། སི་རི་ཡཱ་དང་མཚོ་དམར་མཚོ་ཁོངས་བཅས་སུ་མཆེད་པར་སེམས་ཁུར་བྱེད་བཞིན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཅཱ་ཧྲའི་ད་ལྟའི་གནས་ཚུལ་ལ་ཐུན་མོང་རྣམ་འགྱུར་སྟོན་དགོས་པ་དང་། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་དང་ཞི་བདེའི་འཕེལ་རིམ་དེ་ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགོ་འཛིན་འོག་སྤེལ་དགོས། ཞི་ལཱ་ཡིས་བསྟུད་མར་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱས་དང་བྱེད་མུས་སུ་ཡོད་ཟེར།

མཱ་ལི་ཅི་ཡིས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་བསྟུད་མར་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་བ་དང་། མྱུར་མོར་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱས་ཏེ་ཅཱ་ཧྲ་ས་ཁུལ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ད་རུང་ངེས་པར་དུ་ཆབ་སྲིད་ལ་བརྟེན་པའི་ཐག་གཅོད་ཇུས་གཞི་ལ་བརྟེན་ནས་ཉམས་ཉེན་དེ་མཇུག་སྒྲིལ་དུ་འཇུག་དགོས་པ་ནན་བཤད་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།