ཚོགས་ཡུན་ཉིན་གསུམ་ཡིན་པའི་སྐབས་དྲུག་ཅུ་བའི་མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་ཚེས་བཅུ་དྲུག་ཉིན་འཇར་མན་ལྷོ་ཕྱོགས་ཀྱི་མུའུ་ནེ་ཧེ་ནས་ཚོགས་མགོ་བརྩམས་པ་དང་། ཝུའུ་ཁི་ལན་གྱི་ཉམས་ཉེན་དང་། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་སོགས་འཛམ་གླིང་ཡོངས་ཀྱི་བདེ་འཇགས་འགྲན་རྩོད་མང་བོར་གྲོས་བསྡུར་བྱེད་རྒྱུ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། འཛམ་གླིང་ཡོངས་ཀྱི་ཞི་བདེ་ལ་སྲུང་སྐྱོབ་དང་དེང་རབས་ཀྱི་འཛམ་གླིང་ཡོངས་ཀྱི་སྒྲིག་ལམ་འཛུགས་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། དེང་སྐབས་འཛམ་གླིང་དེ་ཉིང་རྡུལ་ནུས་པའི་འཇིགས་ཉེན་དང་ནམ་ཟླའི་འགྱུར་ལྡོག མིའི་བཟོས་རིག་གནས་ཀྱི་ཉེན་ཁ་སོགས་འགྲན་རྩོད་མང་བོར་འཕྲད་ཡོད་ཅིང་། རྒྱལ་སྤྱིའི་སྤྱི་ཚོགས་དེ་འདས་པའི་ལོ་ངོ་དོན་ལྔའི་རིང་གི་དུས་སྐབས་གང་ལས་ཀྱང་ཁ་བྲལ་དུ་གནས་ཡོད་ཟེར། མིག་སྔའི་རྣམ་པ་ཅན་གྱི་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་གིས་འགལ་བ་ཇེ་ཟབ་ཏུ་སོང་ནས་མ་དགའ་བའི་སེམས་ཁམས་འབྱུང་བཞིན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྲེལ་མྱུར་འདུ་ཤེས་དང་མཐུན་སྒྲིལ་སྙིང་སྟོབས་གསར་བས་དྲང་བདེན་རྨང་གཞིར་བྱས་པའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱས་ཏེ། མི་ཚང་མར་ཁེ་ཕན་ཐོབ་པའི་འཛམ་གླིང་ཡོངས་ཀྱི་སྒྲིག་ལམ་ཞིག་འཛུགས་དགོས་ཟེར།
མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཧའོ་དབྱེ་སི་ཀིན་གྱིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་ཀྱིས་སྟེགས་བུ་ཞིག་འདོན་སྤྲོད་བྱས་ཤིང་། གྲོས་མོལ་ལ་བརྟེན་ནས་ཞི་བདེ་ལ་སྐུལ་འདེད་གཏོང་འདོད་ཡོད། སྐབས་འདིའི་མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་ཀྱི་ཚོགས་ཞུགས་མཁན་དག་གིས་མ་འོངས་པའི་ཉིན་འགའི་ནང་འཛམ་གླིང་ཡོངས་ཀྱི་ས་ཁོངས་སོ་སོའི་འཁྲུག་རྩོད་དང་བདེ་འཇགས་གནད་དོན་ལ་དམིགས་ནས་གྲོས་བསྡུར་བྱེད་སྐབས། དེང་སྐབས་འཛམ་གླིང་ཡོངས་ཀྱི་སྐྱོ་སྡུག་གི་སྣང་ཚུལ་འདིའི་ཆེད་དུ་རེ་བ་ཉག་ཅིག་རྙེད་ཐུབ་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།
མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་ཀྱི་གཙོ་སྒྲུབ་ཕྱོགས་ཀྱིས་ཚེས་བཅུ་གཉིས་ཉིན་ཉིས་སྟོང་ཉེར་བཞི་ལོའི་མུའུ་ནེ་ཧེའི་བདེ་འཇགས་སྙན་ཞུ་སྤེལ་བ་དང་། འཛམ་གླིང་ཡོངས་ཀྱི་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་པའི་ས་ཁུལ་གྱི་ཆབ་སྲིད་ཛ་དྲག་གི་གནས་བབ་དང་དཔལ་འབྱོར་གྱི་གཏན་འཇགས་མིན་པའི་རང་བཞིན་གནད་སར་བཟུང་ཡོད།
སྙན་ཞུ་ལས་བལྟས་ན། འཇམ་འཐབ་རྗེས་མའི་དུས་སྐབས་ཀྱི་ཞི་བདེ་དང་གཏན་འཇགས། དཔལ་འབྱོར་འཕེལ་རྒྱས་བཅས་ལ་འབྲེལ་བའི་སྐྱིད་སྣང་རིང་ལུགས་ཤུལ་མེད་དུ་གྱུར་ཡོད་པ་དང་། ད་ལྟའི་འཛམ་གླིང་དེ་གཉིས་ཕམ་གྱི་ཉེན་ཁའི་གནས་སུ་ལྷུང་ཡོད་པར་འདོད།
བསོད་ནམས་ཚེ་རིང་གིས་བསྒྱུར།