ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན་གྱི་བརྙན་རིས་བཅད་པ་ལས་མངོན་པ་ལྟར་ན། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་སཱ་ནཱ་ནས་གསལ་སྒྲོག་སྤེལ།
ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། རྩ་འཛུགས་དེས་ཡཱ་ཏེན་མཚོ་ཁུགས་སུ་བགྲོད་པའི་དབྱིན་ཇིའི་ཚོང་དོན་གྲུ་གཟིངས་ཤིག་ལ་འཕུར་མདའ་འགའ་གཏོང་འཕེན་བྱས་པ་དང་། དམིགས་འབེན་ལ་ཕོག་ཡོད་ཟེར།
སཱ་ལོས་ཡཱ་ཡིས་བཤད་རྒྱུར། འཇབ་རྒོལ་ཐེབས་པའི་གྲུ་གཟིངས་དེ་ནི་ལའེ་ཁཱ་ཝེ་ཐའོ་སི་རྟགས་ཅན་ཡིན་པ་དང་། ཧུའུ་སེ་དྲག་ཆས་པས་བྱེད་ཐབས་མང་བོ་སྤྱད་ནས་ཨ་མེ་རི་ཁ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱི་བར་སྣང་འཇབ་རྒོལ་ལ་འཁོན་ལན་སློག་རྒྱུ་ཡིན་ཟེར།
ཡོངས་བསྒྲགས་བྱས་པའི་མཚོ་འགྲུལ་རྒྱུ་ཆ་ལས་མངོན་པ་ལྟར་ན། ལའེ་ཁཱ་ཝེ་ཐའོ་སི་རྟགས་ཅན་ནི་པཱ་པཱ་ཏའོ་སིའི་རྒྱལ་དར་བཀལ་བའི་དངོས་ཟོང་གྲུ་གཟིངས་ཤིག་ཡིན་པ་དང་། དབྱིན་ཇིའི་ཀུང་ཟི་ཞིག་གིས་ཚོང་གཉེར་བྱེད་བཞིན་ཡོད།
དབྱིན་ཇིའི་མཚོ་ཐོག་ཉོ་ཚོང་འགུལ་སྐྱོད་གཞུང་སྒྲུབ་ཁང་གིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ཡཱ་ཏེན་མཚོ་ཁུགས་སུ་བགྲོད་པའི་ཚོང་དོན་གྲུ་གཟིངས་ཤིག་གིས་ཉིན་དེར་གྲུ་གཟིངས་དང་ཐག་མི་རུང་བའི་མཚོ་ངོས་སུ་འགས་གཏོར་བྱུང་བ་དང་། དེ་ལས་མི་སྣར་ཤི་རྨས་དང་གྲུ་གཟིངས་ལ་གཏོར་བཤིག་ཐེབས་མེད་པ་སྙན་ཞུ་བྱས་ཡོད་ཟེར། བསྒྲགས་པའི་གནས་ཚུལ་ལ་འཇབ་རྒོལ་ཐེབས་པའི་གྲུ་གཟིངས་དེའི་མིང་བརྗོད་མེད།
གཞན་ཡང་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་ཚེས་བཅོ་ལྔ་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱིས་ཉིན་དེར་ཡང་བསྐྱར་ཡེ་མིན་གྱི་མཚོ་དམར་མཚོ་ཁོངས་ཀྱི་ཧི་ཐེ་ཏཱ་གྲོང་ཁྱེར་དུ་བར་སྣང་འཇབ་རྒོལ་བྱས་ཟེར། ཟླ་འདིའི་ཚེས་བདུན་ཉིན་གྱི་ཚུན་ལ། ཧུའུ་སེ་དྲག་ཆས་པས་ཉིན་རྒྱུན་ཨ་མེ་རི་ཁ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱིས་ཡེ་མིན་བྱང་ཕྱོགས་ཀྱི་སཱ་ཏཱ་ཞིང་ཆེན་དང་ནུབ་ཕྱོགས་ཀྱི་ཧི་ཐེ་ཏཱ་ཞིང་ཆེན་དུ་བར་སྣང་འཇབ་རྒོལ་བྱས་པའི་སྙན་ཞུ་སྤེལ་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།