ཝང་དབྱི་ཡིས་ཀྲུང་གོ་བློ་བརྟན་འགྱུར་མེད་སྒོས་ཟིང་ཆ་ཆེ་བའི་འཛམ་གླིང་སྟེང་གི་བརྟན་འཇགས་ཀྱི་སྟོབས་ཤུགས་བྱེད་རྒྱུ་ཡིན་ཞེས་བཤད།
2024.02.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་དེའི་དུས་ཚོད་ཟླ2པའི་ཚེས17ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་མུའུ་ཉི་ཧེའི་བདེ་འཇགས་གྲོས་ཚོགས་ལ་ཞུགས་ནས། ཀྲུང་གོའི་ཆེད་དོན་ཚོགས་འདུའི་སྟེང་ཁ་བྱང་ལ་བློ་བརྟན་འགྱུར་མེད་སྒོས་ཟིང་ཆ་ཆེ་བའི་འཛམ་གླིང་སྟེང་གི་བརྟན་འཇགས་ཀྱི་སྟོབས་ཤུགས་བརྟན་པོ་བྱེད་རྒྱུ་ཡིན་ཞེས་པའི་བརྗོད་དོན་གཏམ་བཤད་སྤེལ།

ཝང་དབྱི་ཡིས་བཤད་རྒྱུར། འཛམ་གླིང་ཟིང་ཆ་ཆེ་བ་དང་། མིའི་རིགས་འགྲན་རྩོད་མང་བོར་འཕྲད་ཡོད། སྲུང་སྐྱོང་རིང་ལུགས་དང་ཁྱབ་འགྱུར་བདེ་འཇགས་ཅན་གྱིས་འཛམ་གླིང་གི་དཔལ་འབྱོར་ལ་བརྡབ་གསིག་ཐེབས་པ་དང་། ཕྱོགས་གཅིག་རིང་ལུགས་དང་སྡེ་ཚོགས་ཆབ་སྲིད་ཀྱིས་རྒྱལ་སྤྱིའི་མ་ལག་ལ་གཏོར་སྐྱོན་ཆེན་པོ་གཏོང་བཞིན་ཡོད། ཝུའུ་ཁི་ལན་གྱི་ཉེན་ཁ་འགོར་འགྱངས་དུ་སོང་ནས་ཇེ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་། དབུས་ཤར་གྱི་འཁྲུག་རྩོད་ཡང་བསྐྱར་འགོ་བརྩམས། མིའི་བཟོས་རིག་ནུས་དང་ནམ་ཟླའི་འགྱུར་ལྡོག བར་སྣང་གླིང་སྣེ་སོགས་ཀྱི་འགྲན་རྩོད་གསར་བ་གཅིག་རྗེས་གཉིས་མཐུད་ཀྱིས་མངོན་ཡོང་། རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཅི་འདྲ་ཆེན་པོ་བྱུང་ན་ཡང་། ཀྲུང་གོ་འགན་ཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས། སྲིད་ཇུས་བྱེད་ཕྱོགས་ཆེན་པོའི་རྒྱུན་མཐུད་རང་བཞིན་དང་གཏན་འཇགས་རང་བཞིན་ནམ་ཡང་སྲུང་འཛིན་བྱས་ནས། ཟིང་ཆ་ཆེ་བའི་འཛམ་གླིང་སྟེང་གི་བརྟན་འཇགས་ཀྱི་སྟོབས་ཤུགས་བརྟན་པོ་བྱེད་རྒྱུ་ཡིན།

གཅིག་ནས་རྒྱལ་ཁབ་ཆེན་པོའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་བརྟན་འཇགས་ཀྱི་སྟོབས་ཤུགས་བྱེད་དགོས། ཀྲུང་གོ་དང་ཨ་མེ་རི་ཁའི་རྒྱལ་ཁབ་གཉིས་ཀྱིས་འགོ་གཙོའི་ཐུན་མོང་གི་ལྟ་བ་མཉམ་དུ་ལག་བསྟར་བྱེད་པ་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་གྱི་རྒྱུན་ལྡན་གྱི་བགྲོད་ལམ་བརྒྱུད་དེ་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་འགྲམ་རྒྱུད་ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་འཐབ་ཇུས་བརྟན་འཇགས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ཡོ་རོབ་གླིང་གི་གྲོགས་པོའི་འབྲེལ་བའི་ངེས་གནས་རྒྱུན་འཁྱོངས་བྱས་ཏེ། རྙོག་འཛིང་གི་གནས་བབ་ལ་ཁ་གཏད་འཇལ་ཆེད་དྲང་ཕྱོགས་ཀྱི་ནུས་ཚད་སྣོན་དགོས།

གཉིས་ནས་གནད་དོན་གལ་ཆེན་ལ་ཁ་གཏད་འཇལ་བའི་བརྟན་འཇགས་ཀྱི་སྟོབས་ཤུགས་བྱེད་དགོས། འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་གཞི་ལག་བསྟར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་གནད་དོན་གལ་ཆེན་ཐག་གཅོད་པའི་བྱེད་ཐབས་འཚོལ་ཞིབ་བྱེད་དགོས། ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ་རྒྱུན་འཁྱོངས་བྱས་ནས། བཙན་འགེལ་བྱེད་པར་ངོ་རྒོལ་བྱེད་དགོས། ཆེ་ཕྱོགས་དྲང་བདེན་རྒྱུན་འཁྱོངས་བྱས་ཏེ། སྒེར་ཕན་བརྩོན་ལེན་བྱེད་པར་ངོ་རྒོལ་བྱེད་དགོས། ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་རྒྱུ་རྒྱུན་འཁྱོངས་བྱས་ནས། དྲག་ཤུགས་སྤྱོད་པར་ངོ་རྒོལ་བྱེད་དགོས། རྩ་ལག་མཉམ་བཅོས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མིག་རྒྱ་ཐུང་བ་དང་ཕྱོགས་རེས་ལ་ངོ་རྒོལ་བྱེད་དགོས།

གསུམ་ནས་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ལ་ཤུགས་སྣོན་པའི་བརྟན་འཇགས་ཀྱི་སྟོབས་ཤུགས་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་ཟིལ་དང་སྲོག་ཤིང་གོ་གནས་ལ་རྒྱབ་སྐྱོར་བྱས་ནས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཞི་བདེ་དང་བདེ་འཇགས་གནད་དོན་སྟེང་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཁྲོད་ཀྱི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་འཛམ་གླིང་ཡོངས་ཀྱི་ལས་དོན་ཁྲོད་ཀྱི་འཐུས་ཚབ་རང་བཞིན་དང་གཏམ་བཤད་དབང་ཆ་མཐོར་འདེགས་གཏོང་དགོས། འཛམ་གླིང་ལ་སྤྱི་ཐུན་ཐོན་རྫས་སྔར་ལས་མང་བོ་འདོན་སྤྲོད་བྱས་ཏེ། འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ལ་ཁ་གཏད་འཇལ་ཆེད་ཀྲུང་གོའི་བྱས་རྗེས་འཇོག་དགོས།

བཞི་ནས་འཛམ་གླིང་ཡོངས་ཀྱི་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་བརྟན་འཇགས་ཀྱི་སྟོབས་ཤུགས་བྱེད་དགོས། ཀྲུང་གོའི་དཔལ་འབྱོར་ཐད་ནས་ནམ་ཡང་གསོན་ཤུགས་དང་མཉེན་ཤུགས་ཀྱིས་ཁེངས་ཡོད་པ་དང་། དུས་ཡུན་རིང་བོར་ཇེ་ལེགས་སུ་འགྲོ་བའི་གནས་བབ་སྔར་ལས་མངོན་གསལ་ཡིན། མ་འོངས་པར་འཛམ་གླིང་ལ་ཁེ་ཕན་སྔར་ལས་མང་བོ་ཕྱིར་གཏོང་བྱ་རྒྱུ་རེད། ང་ཚོས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པ་དང་། ཕྱོགས་སོ་སོ་དང་མཉམ་དུ། འཛམ་གླིང་ཅན་དེ་སྔར་ལས་ཀུན་ཕན་བཟོད་སྒོམ་གྱི་ཁ་ཕྱོགས་བརྒྱུད་དེ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་སྔར་ལས་མང་བོ་དང་མི་དམངས་སྔར་ལས་མང་བོར་ཕན་འདོགས་དགོས།

ཝང་དབྱི་ཡིས་ད་དུང་ཡུལ་དངོས་ནས་དྲི་བར་ལན་བཏབ།

རིན་ཆེན་མཚོས་བསྒྱུར།