དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཚེས17ཉིན་བཤད་རྒྱུར། ཐད་ཀར་གྲོས་མོལ་ལ་བརྟེན་ན་ད་གཟོད་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་ཐུབ་ཅེས་བཤད་པར་མ་ཟད། ཕ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་པར་ངོ་རྒོལ་བྱེད་པ་བསྐྱར་སྒྲོག་བྱས།
ནེ་ཐ་ཉི་ཡ་ཧུའུ་ཡིས་ཉིན་དེའི་དགོང་མོར་ཡེ་ལུའུ་ས་ལེམ་གྱི་ཙུང་ལི་གཞུང་སྒྲུབ་ཁང་གིས་སྤེལ་བའི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། སྔོན་འགྲོའི་ཆ་རྐྱེན་མེད་པའི་ཐད་ཀར་གྲོས་མོལ་ལ་བརྟེན་ན་ད་གཟོད་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་ཐུབ་པ་དང་། དབྱི་སི་རལ་གྱིས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་བྱེད་པའི་རྒྱལ་སྤྱིའི་བཀའ་བརྡ་ཁས་ལེན་མི་སྲིད་ཟེར། ཁོས་ཕ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་པར་ངོ་རྒོལ་བྱེད་པ་བསྐྱར་སྒྲོག་བྱས་ཤིང་། ཁོས་འགོ་ཁྲིད་པའི་དབྱི་སི་རལ་གྱིས་ཕྱོགས་རྐྱང་བས་ཕ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་པར་མུ་མཐུད་དུ་ངོ་རྒོལ་དྲག་པོ་བྱེད་ངེས་ཡིན་ཟེར།
ཨེ་ཅིབ་ཀྱི་རྒྱལ་ས་ཁའེ་རོ་ནས་སྤེལ་བའི་ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་པ་དང་བཀག་འཇུག་མི་སྣ་བརྗེ་རེས་བྱེད་པའི་གྲོས་མོལ་གྱི་སྐབས་སུ། ནེ་ཐ་ཉི་ཡ་ཧུའུ་ཡིས་བཤད་རྒྱུར། ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མཱ་སིའི་ལངས་ཕྱོགས་ལ་འགྱུར་བ་བཏང་མེད་པའི་རྐྱེན་གྱིས། དབྱི་སི་རལ་གྱི་འཐུས་ཚབ་ཚོགས་པ་ཨེ་ཅིབ་དང་ཁ་བྲལ་བ་ཡིན། ཧ་མཱ་སིའི་ལངས་ཕྱོགས་ལ་འགྱུར་བ་མ་བཏང་ན། དབྱི་སི་རལ་ཕྱིར་གྲོས་མོལ་སྟེགས་བུའི་སྟེང་འབུད་མི་སྲིད་ཟེར།
ནེ་ཐ་ཉི་ཡ་ཧུའུ་ཡིས་དུས་མཉམ་དུ་དབྱི་སི་རལ་གྱིས་མུ་མཐུད་དུ་ཅ་ཧྲ་ས་ཁུལ་ནས་རྒྱལ་ཁ་ལེན་རག་བར་དུ་དམག་འཁྲུག་རྒྱག་ངེས་ཡིན་པ་ནན་བཤད་བྱས། ཁོས་བཤད་རྒྱུར། དབྱི་སི་རལ་གྱིས་ཅ་ཧྲའི་ལྷོ་ཕྱོགས་ཀྱི་ལ་ཧྥ་གྲོང་ཁྱེར་ནས་ས་ངོས་འགུལ་སྐྱོད་སྤེལ་བར་བཀག་འགོག་བྱེད་མཁན་དེ་དག་གིས་ང་ཚོས་དམག་འཁྲུག་ཁྲོད་ཕམ་ཁ་མྱོང་བར་རེ་ཡོད་པས། ངས་ཁོ་ཚོའི་རེ་བ་དེ་གཏན་ནས་འགྲུབ་ཏུ་མི་འཇུག་ཟེར།
2014ལོར་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་ལ་ཕམ་ཁ་བྱུང་རྗེས། གྲོས་མོལ་གསར་བ་སྤེལ་མྱོང་མེད། ཨ་མེ་རི་ཁ་དང་དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་ཉིན་འགའི་སྔོན་ལ་སྤེལ་བའི་གསལ་བསྒྲགས་ལྟར་ན། ཨ་མེ་རི་ཁ་སྲིད་གཞུང་གིས་དབྱི་སི་རལ་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ་བརྒྱུད་དེ་དབྱི་སི་རལ་ལ་ཕ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་དུ་འཇུག་རྒྱུར་འབད་བཞིན་ཡོད། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁིན་གྱིས་ཚེས17ཉིན་མུའུ་ཉི་ཧེ་ཡི་བདེ་འཇགས་གྲོས་ཚོགས་སྟེང་བཤད་རྒྱུར། ཨ་རབ་རྒྱལ་ཁབ་ཁག་དབྱི་སི་རལ་བར་གྱི་འབྲེལ་བ་རྒྱུན་ལྡན་དུ་གཏོང་རྒྱུར་འཐད་པ་ཡིན་པས། མ་འོངས་པའི་ཟླ་འགའི་ནང་དབྱི་སི་རལ་དབུས་ཤར་དང་འདྲེས་པའི་གོ་སྐབས་གལ་ཆེན་ཞིག་དང་འཕྲད་སྲིད་ཟེར།
ཨེ་ཅིབ་དང་ཁ་ཐར། ཨ་མེ་རི་ཁ། དབྱི་སི་རལ་བཅས་ཀྱི་འཐུས་མིས་ཚེས13ཉིན་ཁའེ་རོ་ནས་ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་པའི་སྐོར་ནས་ཡང་བསྐྱར་གྲོས་མོལ་བྱེད་འགོ་བརྩམས། དབྱི་སི་རལ་གྱི་ཙུང་ལི་གཞུང་སྒྲུབ་ཁང་གིས་ཚེས14ཉིན་གསལ་བསྒྲགས་སྤེལ་ནས་གྲོས་མོལ་ལ་གྲུབ་འབྲས་ཅི་ཡང་ཐོབ་མེད་ཅེས་བཤད།
རིག་འཛིན་སྒྲོལ་མས་བསྒྱུར།