དབྱི་སི་རལ་གྱི་ཙུང་ལི་གཞུང་སྒྲུབ་ཁང་གིས་ཚེས་བཅོ་བརྒྱད་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱིས་ཕ་ལེ་སི་ཐན་དང་འབྲེལ་བའི་གནད་དོན་ཐག་གཅོད་པའི་རྒྱལ་སྤྱིའི་བཀའ་བརྡ་ཁས་ལེན་མི་སྲིད་ལ། ཕྱོགས་རྐྱང་བས་ཕ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་པར་མུ་མཐུད་ངོ་རྒོལ་བྱེད་རྒྱུ་ཡིན་ཟེར།
གསལ་བསྒྲགས་ནང་བཤད་རྒྱུར། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་དགོས་ན་ཕྱོགས་གཉིས་ཀྱིས་ཆ་རྐྱེན་ཅི་ཡང་མེད་པའི་ཐད་ཀར་གྱི་གྲོས་མོལ་མངོན་འགྱུར་བྱེད་དགོས། ན་ནིང་གི་ཟླ10པའི་ཚེས7ཉིན་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མཱ་སིས་དབྱི་སི་རལ་ལ་འཇབ་རྒོལ་བྱས་རྗེས། ཕ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་པ་དེ་འཇིགས་སྐུལ་རིང་ལུགས་ལ་སྔར་བྱིན་མྱོང་མེད་པའི་བྱ་དགའ་ཆེན་པོ་ལྟ་བུ་ཞིག་ཏུ་གྱུར་ཡོད་པར་མ་ཟད། མ་འོངས་པར་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཞི་བས་ཐག་གཅོད་པར་བཀག་འགོག་བྱེད་ངེས་ཟེར།
དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཚེས17ཉིན་གྱི་དགོང་མོར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་དེ་མཚུངས་ཀྱི་སྐད་ཆ་བཤད་ཡོད་ལ། ཚེས18ཉིན། དབྱི་སི་རལ་གྱི་ནང་བློན་གྲོས་ཚོགས་སྟེང་ནེ་ཐ་ཉི་ཡ་ཧུའུ་ཡིས་བཏོན་པའི་གསལ་བསྒྲགས་ལ་གྲོས་འཆམ་བྱུང་བ་རེད།
ཨ་མེ་རི་ཁ་དང་དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་ཉིན་འགའི་སྔོན་ལ་སྤེལ་བའི་གསལ་བརྡ་ལྟར་ན། ཨ་མེ་རི་ཁ་སྲིད་གཞུང་གིས་དབྱི་སི་རལ་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བར་བརྟེན་ནས། དབྱི་སི་རལ་ལ་ཕ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་དུ་འཇུག་པར་འབད་པ་བྱེད་ཀྱིན་ཡོད། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁིན་གྱིས་ཚེས17ཉིན་མུའུ་ཉི་ཧེའི་བདེ་འཇགས་གྲོས་ཚོགས་སྟེང་བཤད་རྒྱུར། ཨ་རབ་རྒྱལ་ཁབ་དག་དབྱི་སི་རལ་བར་གྱི་འབྲེལ་བ་རྒྱུན་ལྡན་དུ་འགྱུར་བར་འཐད་པ་ཡིན་པས། མ་འོངས་པའི་ཟླ་འགའི་ནང་དབྱི་སི་རལ་དབུས་ཤར་དང་འདྲེས་པར་བྱེད་གོ་སྐབས་ཆེན་པོ་ཞིག་དང་འཕྲད་ཡོད་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།